国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས།

སྤྱི་ཟླ9པའི་ཚེས15ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་བ་རེད།

ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་ཟོག་འདྲེན་གྲུ་གཟིངས་མེ་སྐྱོན་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྦྱངས་བྱས་པ་རེད། ཚོགས་འདུར་མཐིལ་ཚད་བསམ་གཞིག་དང་མཐར་ཐུག་བསམ་གཞིག་བརྟན་པོ་བཙུགས་ནས་ལས་འཛོལ་གྱི་བསླབ་བྱ་སྣ་ཚོགས་བསྡུ་ལེན་གཏིང་ཟབ་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མི་བྱེད་པའི”འགན་འཁྲིའི་བསམ་པ་དང་། “བྱ་བ་ཚང་མར་སེམས་སུ་གདེང་ཚོད་ཡོད་པའི”བྱ་སྤྱོད་ཀྱི་སྒུལ་ཤུགས་ལ་བརྟེན་ནས་ཉེན་མེད་དོགས་ཟོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱ་དགོས་པ་དང་།ཆར་ཆུ་དང་ཆུའི་གནས་ཚུལ་གྱི་གྲོས་མོལ་ཞིབ་འཇུག་རྒྱུན་མཐུད་ངང་ཡག་པོ་བྱས་ཏེ་འཁྱགས་རོམ་གྱི་མཐའ་འཁོར་དང་ཆུ་དང་བྲག་འགྲམ་གྱི་ལམ་དུམ།ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གནས་ས་སོགས་འགག་རྩའི་ས་ཁོངས་ལ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཉེན་གཡོལ་སྤོ་སྒྱུར་བྱ་ཐབས་འགྱུར་མེད་དོན་ལ་འཁྱོལ་ནས་འབྲུབ་འགོག་གནོད་སེལ་གྱི“མཇུག་བསྡུའི་དམག་འཐབ”ཡག་པོ་རྒྱག་དགོས།ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་མི་ཚོགས་དང་རླངས་འཁོར་གྱི་འཁོར་རྒྱུན།དངོས་ཟོག་སྐྱེལ་འདྲེན་བྱེད་མང་བའི་དུས་སྐབས་བཅས་ལ་དམིགས་ནས་གཞུང་ལམ་འགྲིམ་འགྲུལ་དང་།ཟས་རིགས་ཉེན་མེད།རིག་གནས་ཡུལ་སྐོར་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་ཟོན་དང་། བབ་བསྟུན་ལས་རེས་ཀྱི་ལས་ཀ་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱས་ཏེ། མང་ཚོགས་དང་ཡུལ་སྐོར་བ་དུས་བདེ་འཆམ་མཐུན“དོ་དམ་གསུམ་དང་ངེས་པར་དུ་བྱེད་དགོས་པ་གསུམ”གྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་བསྟན་པ་རེད།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ།འཚོ་སྐྱོང་དམའ་སྐྱོར་གྱི་རོགས་སྐྱོར་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ནས། དར་རྒྱས་ཞན་པའི་རྫོང་ཁོངས12ཀྱིས་མཆོང་སྐྱོད་ཀྱི་རྗེས་སྙེག་པ་དང་དར་རྒྱས་གོང་འཕེལ་ལ་སྐུལ་དགོས།འཕེལ་རྒྱས་ཀྱི་འཇུར་མིག་ཤུགས་ཡོད་རྒུས་སེལ་བ་དང་འཚོ་སྐྱོང་དམའ་སྐྱོར་གྱི་རོགས་སྐྱོར་ལས་དོན་གོ་སྐབས་སུ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་རྫོང་ཁོངས་ཀྱི་གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་རིག་གནས་ཡུལ་སྐོར་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས།དམངས་ཕྱུག་གི་བར་མཐོངས་རྒྱ་ཆེར་གཏོང་རྒྱུར་ཤུགས་རྒྱག་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕྱོགས་ཁག་གི་འགན་འཁྲི་ནན་པོ་གཏོང་བ་དང་།ནོར་སྲིད་དང་དངུལ་རྩ།ས་ཞིང་།ཤེས་ལྡན་མི་སྣ་སོགས་ཁྱད་པར་ཅན་གྱི་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་བེད་སྤྱོད་འདང་ངེས་བྱ་དགོས།“འཚོ་སྐྱོང་དམའ་སྐྱོར་གྱི་རོགས་སྐྱོར་ལས་དོན་དོན་ཚན་བཅུ”ཡི་འགན་འཁྲི་དང་ལས་འགན་གསལ་ཐོ་དོན་འཁྱོལ་ཞིབ་ཕྲ་དང་།ཞན་ཆ་གསབ་པ།འཚོ་སྐྱོང་དམའ་སྐྱོར་གྱི་རོགས་སྐྱོར་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བསྐུལ་དགོས།།

( བདེ་སྐྱིད་ཀྱིས་བསྒྱུར།)