སྤྱི་ཟླ9པའི་ཚེས14ནས15ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དཔལ་ཡུལ་རྫོང་དང་བྲག་མགོ་རྫོང་། རྟའུ་རྫོང་བཅས་སུ་དེང་རབས་ཅན་གྱི་ཞིང་ལས་གླིང་ཁུལ་འཛུགས་སྐྲུན་དང་མཐོ་སྒང་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་བཀོད་སྒྲིག་བླང་བྱ་དོན་ལ་འཁྱོལ་ཏེ།གཞན་ལས་རང་སྟོབས་ཀྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་དང་། བཟོ་ལས་ཀྱི་བསམ་གཞིགས་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་ལ་དམ་འཛིན་དང་། ཐོན་ཁུངས་གཞན་སྒྱུར་ཀྱི་དོན་ཆེན་ཡག་པོ་སྒྲུབ་རྒྱུར་འབད་བརྩོན་བྱས་ནས། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོ།ཕན་འབྲས་ཆེ་བ་བཅས་རྒྱུན་འཁྱོངས་ཏེ་དེང་རབས་ཅན་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་སྟོབས་ཆེར་གཏོང་བར་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཡུལ་སྡེ་དར་རྒྱས་གཏོང་བར་ཐོན་ལས་ནི་སྲོག་ཤིང་གི་འདེགས་སྐྱོར་དང་གླིང་ཁུལ་ནི་ཐེག་ནུས་གཙོ་བོ་ཡིན། ཀྲའོ་པོ་ཡིས་བྲག་མགོ་རྫོང་གི་དེང་རབས་ཅན་ཞིང་ལས་གླིང་ཁུལ་དང་དེང་རབས་ཅན་ཞིང་ལས་ཁྱད་ལྡན་ཐོན་ལས་དཔེ་སྟོན་རྟེན་གཞིར་རྟོག་ཞིབ་གནང་སྐབས། མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་ཞིང་འབྲེལ་གྱིས་ཞིང་པར་སྣེ་ཁྲིད་དང་། ཞིང་པར་རོགས་རམ་བྱས་ནས་འབབ་འཕར་ཡོང་བ་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་དང་། ཞིང་འབྲོག་མང་ཚོགས་ཐོན་ལས་ཀྱི་འབྲེལ་ཤུགས་ལ་སྐུལ་ཏེ། ཐོན་ལས་ཀྱི་རིན་ཐང་འཕར་བའི་ཁེ་བཟང་མཉམ་སྤྱོད་ཐུབ་པ་བྱ་དགོས། “ཚན་རྩལ་དང་ཞིང་ལས་འབྲེལ་བའི”འཕེལ་རྒྱས་ཐབས་ལམ་རྒྱུན་འཁྱོངས་དང་། འབྲུ་རིགས་དང་ཕྱུགས་ལས་ཐོན་རྫས་ཀྱི་ཕྱོགས་བསྡུས་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། སྐྱེ་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།སྦག་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་གནས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།སྟོབས་ཤུགས་གཅིག་སྒྲིལ་གྱིས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་བསྐྲུན་དགོས་ཞེས་གསུངས་པ་རེད།
ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བར་ངེས་པར་དུ་ཞིང་ལས་འཁོར་སྐྱོད་གཙོ་བོ་སྟོབས་ཆེན་གཏོང་བ་དང“གཅིག་རྗེས་གཉིས་མཐུད”ཡོང་བར་སྐུལ་དགོས། བྲག་མགོ་རྫོང་གི་གངས་དཀར་འོ་སེ་བདེ་ཐང་ཐོན་ལས་ཁུལ་ཆེན་པོ་དང་རྟའུ་རྫོང་གི་དེང་རབས་ཅན་གྱི་ཞིང་ལས་གླིང་ཁུལ་དུ་ཀྲའོ་པོ་ཡིས་གླིང་ཁུལ་ཧྲིལ་པོའི་འཛུགས་སྐྲུན་གཉེར་སྐྱོང་གི་སྙན་སེང་ལ་གསན་འཇོག་དང་། ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་ཚོང་གི་གནས་ཚུལ་ལ་གཟིགས་ཞིབ་གནང་ཞིང་།ཁོང་གིས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་འཕེལ་རྒྱས་གཏོང་རྒྱུ་ནི་ཞིང་ལས་ཞིང་སྡེ་དེང་རབས་ཅན་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས། ཞིང་ལས་ཐོན་ལས་ཀྱི་འབྲེལ་ཐག་རིང་བ་དང་འབྲེལ་ཤུགས་དྲག་པ། འབྲེལ་སྟོང་གསབ་ཐུབ་པར་ཏན་ཏིག་སྐུལ་བ་དང་། ལས་སྣོན་ཞིབ་ཚགས་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་ཞིང་ལས་ཀྱི་ཐོན་རྫས་སྣ་མང་ཅན་གསར་སྤེལ་དང་།རིམ་མང་བེད་སྤྱོད། གནས་ཐང་འཕར་བར་སྐུལ་བ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་རར་དམིགས་ནས་སྔོན་ཐོན་གྱི་ཐོན་རྫས་གསར་སྤེལ་དང་བྲིན་ཚོང་གི་འདུ་ཤེས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། ཐོན་ལས་འབྲེལ་ཐག་སྣུར་སྲིང་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་དོད་ལ་དཀར་མཛེས་ཀྱི་སྤུས་ཚད་ལྡན་པའི་རྩེར་སོན་ཐོན་རྫས་གཏོད་དགོས། ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་ལས་སྟེགས་བེད་ཡག་པོ་སྤྱད་པ་དང་།ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འཇོན་ཐང་དང་ཤེས་རིག་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་སྣེ་འདྲེན་ཁེ་ལས་ནང་འདྲེན་དང་སྐྱེད་སྲིང་ཧུར་ཐག་བྱས་ནས་དེང་རབས་ཞིང་ལས་གླིང་ཁུལ་སྟོབས་ཆེར་གཏོང་དགོས། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བརྒྱབ་ནས་འོ་སེ་ཇ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་བཀོད་པ་ཚན་རིག་དང་མཐུན་པར་ལེགས་སྒྱུར་དང་འདེབས་འཛུགས།ལས་སྣོན།ཕྱིར་འཚོང་སོགས་ཚོང་རའི་ཐོན་ཁུངས་གཅིག་གྱུར་གྱིས་སྡེབ་སྒྲིག་བྱས་ནས། ཁུལ་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གསབ་རེས་དང་།ཁྱུ་ཚོགས་སྟོབས་ཤུགས་ཆགས་པ།གཞི་གཅིག་མཐོར་འདེགས་བཅས་ལ་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
