国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཞི་རིམ་གནས་ཚུལ་དངོས་ལ་རྟོག་ཞིབ་དང་། འགན་སྒྲུབ་ལྟ་སྐུལ་ཉེན་མེད་འགན་སྲུང་བྱས།

དཀར་མཛེས་རྫོང་སྲིད་གྲོས་ཀྱིས་སྐྲུན་བཞིན་པའི་ལས་གཞིའི་ཉེན་མེད་ཐོན་སྐྱེད་ཀྱི་ཆེད་དོན་རྟོག་ཞིབ་ལས་དོན་སྤེལ།

15077_03B_20260914སྲིད་གྲོས་ཨུ་ཡོན་གྱིས་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་རྟོག་ཞིབ་བྱེད་བཞིན་པ།

ཉེ་ཆར། དཀར་མཛེས་རྫོང་སྲིད་གྲོས་ཀྱིས་མང་ཚོགས་ཀྱིས་སྐྲུན་བཞིན་པའི་ཉེན་མེད་ལས་གཞིའི་ཨར་ལས་ལ་ཡོངས་ཁྱབ་དོ་ཁུར་བྱེད་པར་དམིགས་ཏེ། ལས་རིགས་ཁག་གི་ཨུ་ཡོན་བསྡུས་ནས་ཆེད་དོན་རྟོག་ཞིབ་ལས་དོན་སྤེལ་བ་རེད། རྟོག་ཞིབ་ལས་དོན་ཚོ་ཆུང་ལས་གཞིའི་ཡུལ་དངོས་སུ་བསྐྱོད་དེ་ལས་གཞིའི་འགོག་སྲུང་བཀོད་སྒྲིག་དང་། ཉེན་ཁ་ཆེ་བའི་ལས་སྒྲུབ་དོ་དམ་ཚོད་འཛིན་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། ཉེན་མེད་ཐོན་སྐྱེད་ཀྱི་རྩིས་ཐོ་དང་གསོ་སྦྱོང་ཟིན་ཐོ། མངོན་མེད་རྐྱེན་ངན་དག་ཐེར་ཡིག་ཚགས་བཅས་རེ་རེ་བཞིན་བརྟག་དཔྱད་བྱས་པར་མ་ཟད། ལས་གཞི་དོ་དམ་མི་སྣ་དང་ལྟ་སྐུལ་དོ་དམ་མི་སྣ། ལས་སྒྲུབ་བཟོ་པ་བཅས་དང་ངོ་འཕྲད་ནས་སྤེལ་རེས་བྱས་ཏེ་གཞི་རིམ་ཡུལ་དངོས་ཀྱི་དངོས་ཡོད་རེ་འདུན་ལ་ཉན་པ་དང་། ཉེན་མེད་ཐོན་སྐྱེད་ཀྱི་ཁྱབ་ཁོངས་སུ་གནས་པའི་ཞན་ཆ་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་རྗེས་ཕྱོགས་ཀྱི་ཐབས་འདོན་ཇུས་འདོན་ལ་གྲ་སྒྲིག་བྱེད་པ་རེད།

རྨང་གཞིའི་སྒྲིག་བཀོད་དང་དམངས་འཚོའི་ལས་གྲྭ་སོགས་སྐྲུན་བཞིན་པའི་གཙོ་གནད་ལས་གཞི་ལ་བརྟག་དཔྱད་བྱས་པ་བརྒྱུད། སྐྲུན་བཞིན་པའི་ལས་གཞི་ཁག་གིས་སྤྱིའི་ཆ་ནས་ཉེན་མེད་ཐོན་སྐྱེད་ལས་ཀའི་བླང་བྱ་དོན་དུ་འཁྱོལ་རུང་། ཨར་ལས་ཀྱི་ལས་རིམ་རྙོག་འཛིང་ཆེ་བ་དང་། ལས་སྒྲུབ་མི་སྣ་འགྲོ་འོང་མང་བ། ཨར་ལས་བྱ་ཡུལ་དུ་མི་ཚོགས་འདུས་པ་སོགས་ཀྱི་དབང་གིས་ལས་གཞི་ཁ་ཤས་ལ་མངོན་མེད་ཉེན་ཁ་གནས་པས། གལ་སྲིད་གནས་ཚུལ་དེ་དག་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་མ་བྱས་ཚེ་ལས་གཞིའི་འཛུགས་སྐྲུན་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ལས་སྒྲུབ་མི་སྣ་དང་མཐའ་འཁོར་མང་ཚོགས་ཀྱི་རྒྱུ་ནོར་དང་ཚེ་སྲོག་ལ་ཡང་ཉེན་ཁ་ཡོད་པ་རེད། ཡུལ་དངོས་སུ་ཚགས་བཤེར་བྱས་པའི་གནད་དོན་ལ་དམིགས་ཏེ་སྲིད་གྲོས་ཨུ་ཡོན་གྱིས་དུས་ཐོག་ཏུ་ལས་རིགས་གཙོ་གཉེར་སྡེ་ཚན་དང་། འཛུགས་སྐྲུན་དང་ཨར་ལས་ཚན་པའི་ཡུལ་དངོས་སུ་གནས་ཚུལ་གསལ་བཤད་བྱས་པ། ཁེ་ལས་ཀྱི་ཉེན་མེད་ཐོན་སྐྱེད་བྱེད་པོའི་འགན་འཁྲི་ཏན་ཏིག་ཏུ་བཏང་ནས་རྒྱུན་རྣམ་ཅན་གྱི་ལས་ཞུགས་མི་སྣའི་ཉེན་མེད་ཉེན་བརྡའི་སློབ་གསོ་སྤེལ་དགོས་པ་དང་། མི་སྣ་མང་འདུས་ཀྱི་ཨར་ལས་ས་ཁོངས་སུ་ཆེད་ལས་ཁྲིད་སྟོན་ལས་གནས་འཛུགས་པ་དང་། ལྷག་པར་དུ་ཉེན་ཁ་ཆེ་བའི་ཨར་ལས་བྱེད་སྐབས་བརྒྱུད་རིམ་ཧྲིལ་པོར་འགུལ་རྣམ་དོ་དམ་ཚོད་འཛིན་བྱེད་པ། འཚུབ་བསྟུན་སྔོན་ཇུས་ཞིབ་ཕྲ་བཟོས་ནས་རྒྱུན་རྣམ་ཅན་གྱི་དངོས་འཐབ་རྣམ་པའི་འཚུབ་བསྟུན་ནང་སྦྱོང་བྱ་དགོས་པའི་དག་ཐེར་ལེགས་བཅོས་ཀྱི་རེ་འདུན་བཏོན་ཡོད། འབྲེལ་ཡོད་ཚན་པའི་འགན་འཁུར་བས་ཡུལ་དངོས་སུ་སྲིད་གྲོས་ཨུ་ཡོན་གྱིས་བཏོན་པའི་གནས་ཚུལ་བླང་བྱར་གཡོལ་ཐབས་དང་ཕྱིར་འགྱངས་མེད་པའི་སྒོས་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱ་རྒྱུར་མ་ཟད། འཛུགས་སྐྲུན་ཨར་ལས་ཀྱི་ཡུལ་དངོས་སུ་མགྱོགས་མྱུར་ངང་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དང་། རྒྱུན་མཐུད་ངང་དག་ཐེར་ལེགས་བཅོས་བྱེད་ཐབས་དང་། འགན་འཁྲིའི་བྱེད་པོ། ལེགས་སྒྲུབ་དུས་ཚད་བཅས་རེ་རེ་བཞིན་ཁ་གསལ་བཟོས་ནས་གནད་དོན་གསལ་བཤད་དང་དག་ཐེར་ལེགས་བཅོས་འབྲེལ་མཐུད་མི་ཆད་པའི་སྒོས་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བཤད།

ད་ཐེངས་ཀྱི་ཆེད་དོན་རྟོག་ཞིབ་ནི་དཀར་མཛེས་རྫོང་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་འགན་ནུས་སྒྲུབ་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ཨུ་ཡོན་ཚོས་གཞི་རིམ་དུ་བསྐྱོད་དེ་འགན་འཁྲི་སྒྲུབ་པ་དང་། མང་ཚོགས་དང་སྲིད་གྲོས་ཨུ་ཡོན། འགན་ནུས་སྡེ་ཚན་དང་འཛུགས་སྐྲུན་ཨར་ལས་ཚན་པ་བཅས་བར་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྟེགས་བུ་བཙུགས་ནས་གནད་དོན་གཞི་རིམ་དུ་ཤེས་རྟོགས་ཐུབ་པ་དང་། ཐབས་ཇུས་འཐབ་ཕྱོགས་དང་པོར་གྲོས་མོལ། དག་ཐེར་ལེགས་བཅོས་བཅས་འཐབ་ཕྱོགས་དང་པོར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།། ( སྐལ་བཟང་རྒྱ་མཚོས་བསྒྱུར།)