ཉེ་བའི་ལོ་ཤས་རིང་། གསེར་རྟ་རྫོང་གིས་ས་གནས་དེ་གའི་སྐྱེ་ཁམས་ཐོན་ཁུངས་དང་རྒྱ་བོད་ལུགས་སྨན་རྫས་ཀྱི་ཁྱད་ཡོན་གཞིར་བཟུང་སྟེ། ཐོན་ལས་དར་རྒྱས་ཀྱིས་ཡུལ་སྡེ་དར་རྒྱས་ལ་རམ་འདེགས་བྱེད་པ་རྒྱུན་འཁྱོངས་ནས་འབྲེལ་ཐག་བརྟན་པོས་རྨང་གཞི་འཛུགས་པ་དང་། འབྲེལ་ཐག་ཁ་གསབ་ཀྱིས་སྤུས་ཚད་མཐོར་འདེགས། འབྲེལ་ཐག་བསྲིངས་ནས་ཁྲོམ་ར་རྒྱ་བསྐྱེད་བཅས་ཀྱི་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་བསམ་ཕྱོགས་ལ་བརྟེན་ནས་རྒྱ་བོད་ལུགས་ཀྱི་གསོ་སྨན་ཐོན་ལས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་བཅོས་སྐྱོང་དང་། ཚན་རྩལ་གསར་གཏོད། རིག་གནས་ཡུལ་སྐོར་དང་ཁམས་གསོ་བཅས་མཉམ་འདྲེས་ཡག་པོར་བྱས་ནས་སྲོལ་རྒྱུན་རྒྱ་བོད་ལུགས་སྨན་རྫས་ཐོན་ལས་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཞིང་འབྲོག་དམངས་ཚོགས་ཀྱི་ཡོང་འབབ་བརྟན་པོ་འཕར་པའི་སྲོག་ཤིང་ལྟ་བུའི་ཐོན་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།
མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་དང་ས་ཆའི་ཐོན་ཁུངས་ལ་གཞི་བཟུང་སྟེ། གསེར་རྟ་རྫོང་གིས་སྐྱེ་ཁམས་སླར་གསོ་དང་སྨན་རྩྭ་འདེབས་འཛུགས་བྱེད་པའི་སྦག་མེད་འཕེལ་རྒྱས་ཀྱི་ཐབས་ལམ་གསར་གཏོད་འཚོལ་ཞིབ་བྱས་ནས“མངག་ཐོའི་ཞིང་ལས་དང་ལག་རྩལ་ཚབ་གཉེར”ཚད་ལྡན་ཅན་གྱི་འཕེལ་རྒྱས་མ་ལག་བཙུགས་ཏེ། རྫོང་ཁོངས་ཀྱི་བྱེ་འགྱུར་ས་ཁུལ་དང་བྱི་བའི་གནོད་འཚེ་ཕོག་པའི་བེད་མེད་ས་ཆའི་ཐོན་ཁུངས་སོགས་བསྐྱར་ཏུ་བེད་སྤྱད་བྱས་ནས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་ལྕུམ་དང་སི་ཁྲོན་སྙི་བ་སོགས་ས་གནས་ཀྱི་སྨན་རིགས་རྩ་ཆེན་མུའུ1000ལྷག་འདེབས་འཛུགས་བྱས། གཞི་ཁྱོན་ཅན་གྱི་སྨན་རྩྭ་འདེབས་འཛུགས་བྱས་པ་དེས་སྐྱེ་ཁམས་བཅོས་སྐྱོང་དང་ཐོན་ལས་གསོ་སྐྱོང་གང་ཐད་ནས་ཕན་པ་མངོན་གསལ་དོད་པོ་ཐོབ་ཡོད།
གསེར་རྟ་རྫོང་གིས“སློབ་གླིང་དང་ས་གནས། ཁེ་ལས”ཀྱི་མཐུན་སྦྱོར་མཉམ་ལས་ལམ་སྲོལ་བཙུགས་ཏེ་སི་ཁྲོན་ཞིང་ལས་སློབ་ཆེན་སོགས་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞི་བར་མཉམ་འབྲེལ་བྱས་ནས་མཐོ་རྩེའི་རིག་ནུས་ཐོན་ཁུངས་ལ་བརྟེན་ནས་ཐོན་ལས་རིམ་སྤོར་བྱས་ཡོད། དེང་རབས་ཅན་གྱི་སྔོན་ཐོན་ཐོན་སྐྱེད་སྒྲིག་ཆས་དང་ཐོན་སྐྱེད་སྒྲུབ་རིམ་ནང་འདྲེན་ཧུར་ཐག་བྱས་ནས་ཚད་ལྡན་ཅན་གྱི་སྨན་སྦྱོར་ཁང་དང་བཏུང་སྨན་བཟོ་སྣོན་བཟོ་གྲྭ་བསྐྲུན་ཏེ་སྨན་རྩྭ་བཟོ་སྣོན་ཞིབ་ཚགས་བྱེད་ས་མེད་པའི་ཞན་ཆ་ཁ་བསྐངས་ཡོད། ཚན་ཞིབ་གསར་གཏོད་ལ་བརྟེན་ནས་རྒྱ་བོད་ལུགས་ཀྱི་སྨན་རྫས་རིགས48རང་ཚུགས་ངང་ཞིབ་འཇུག་གསར་སྤེལ་ཐུབ་པར་མ་ཟད། དེའི་ནང་སྨན་རྫས་རིགས2ལ་རྒྱལ་ཁབ་རིམ་པའི་ཆེད་ཕན་ཁེ་དབང་ཐོབ་པས་ཐོན་རྫས་གཙོ་བོའི་ཚན་རྩལ་འདུས་ཚད་དང་སྤུས་ཚད་ཀྱི་ཚད་གཞི་ཆེས་ཆེར་ཕྱིན་ཡོད། བོད་སྤོས་དང་བོད་ཀྱི་འདག་ཆལ་སོགས་སྲོལ་རྒྱུན་རིག་གནས་གསར་གཏོད་ཐོན་ལས་གཤོ་སྒྱུར་རིམ་སྤོར་ཡོང་བར་བསྐུལ་ནས་ཚད་ལྡན་ཅན་དང་སྡེབ་གྲངས་ཅན་ཐོན་སྐྱེད་བྱུང་ནས་ཐོན་རྫས་ཐོན་ཚད་བརྒྱ་ཆ120ཡན་ལ་ཟིན་པས། སྲོལ་རྒྱུན་ཐོན་རྫས་གཞི་ཁྱོན་ཆུང་བ་དང་། བྲིན་ལམ་ཆུང་བ། ཚད་ལྡན་ཅན་མིན་པ་བཅས་ཀྱི་གནས་ཚུལ་རྩ་བ་ཉིད་ནས་འགྱུར་ལྡོག་བྱུང་ནས་རྒྱ་བོད་ལུགས་སྨན་རྫས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་འཆར་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་། ཁྲོམ་རའི་ཁས་ལེན་ཚད། ཟོང་རྟགས་ཀྱི་འགྲན་རྩོད་ནུས་པ་གཙོ་བོ་བཅས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད།
སྲོལ་རྒྱུན་སྨན་རྫས་ཁེ་རྐྱང་གི་ཕྱིར་འཚོང་བྱེད་སྟངས་གཏོར་ཏེ། ཤུགས་ཡོད་རྒུས་རྒྱ་བོད་ལུགས་སྨན་རྫས་ཐོན་ལས་ས་མཚམས་བརྒལ་པའི་མཉམ་འདྲེས་དང་ཁྱབ་ཁོངས་ཡོངས་སུ་བསྲིང་རྒྱུར་བསྐུལ་ནས་སྣ་མང་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་ཡོད། དྲྭ་འོག་ཏུ་ཆེད་ལས་ཅན་གྱི་རྒྱ་བོད་ལུགས་སྨན་རྫས་ཉོ་འཚོང་ཁྲོམ་རའི་ཁོར་ཡུག་བསྐྲུན་ཏེ་ཚོང་དུད80ལྷག་ཚོང་གཉེར་ནང་འདྲེན་བྱས་ནས་དྲྭ་འོག་གི་ཐོན་སྐྱེད་དང་ཕྱིར་འཚོང་སྦྲེལ་མཐུད་ཀྱི་སྟེགས་བུ་བརྟན་པོ་ཞིག་བསྐྲུན་ཡོད། དྲྭ་ཐོག་གི་ཚོང་གཉེར་བྱེད་སྟངས་གསར་གཏོད་བྱས་ཏེ“གྲོང་ཁྱེར་གཉིས་ཕན་ཚུན་མཉམ་འགུལ”གྱི་ཚོང་གཉེར་ལམ་སྲོལ་ཁྱབ་གདལ་བཏང་བ་དང་ཐད་གཏོང་གློག་རྡུལ་ཚོང་དོན་གྱི་ལས་རིགས་རྣམ་པ་གསར་པར་བརྟེན་ནས་ཚོང་གཉེར་ཐབས་ལམ་རྒྱ་བསྐྱེད་བཏང་ཡོད། ཐོན་ལས་ཀྱི་སྣ་མང་རིན་ཐང་ཡག་པོ་བསྔོགས་ཏེ། “རིག་གནས་ཡུལ་སྐོར་དང་རྒྱ་བོད་ལུགས་སྨན་རྫས”མཉམ་འདྲེས་འཕེལ་རྒྱས་བཏང་ནས་ཚད་ལྡན་ཅན་གྱི་རྒྱ་བོད་ལུགས་སྨན་ལུམས་ལྟེ་གནས་བསྐྲུན་པ་དང་། ཁམས་གསོ་དང་ཞིང་ལས་ཞིབ་འཇུག་སློབ་སྦྱོང་། དངོས་སླེབས་མྱོང་རོལ་ཅན་གྱི་རིག་གནས་ཡུལ་སྐོར་སོགས་གསར་དར་ལས་རིགས་གསར་གཏོད་འཚོལ་ཞིབ་བྱས། “སྨན་དང་། རིག་གནས། ཡུལ་སྐོར། ཁམས་གསོ”བཅས་གཞི་གཅིག་ཅན་གྱི་ཐོན་ལས་འབྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་མ་ལག་བཙུགས་ཏེ་རྒྱ་བོད་ལུགས་གསོ་སྨན་ཐོན་ལས་ཀྱི་རིན་ཐང་འབྲེལ་ཐག་རིང་དུ་གཏོང་བ་དང་། རྒྱ་བསྐྱེད་གཏོང་བ། སྤུས་ཀ་ཅན་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་ཡོང་འབབ་འཕར་བའི་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་བསྐྱེད་བཏང་བར་མ་ཟད། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དུད་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར3000ལས་བརྒལ་བས་ཁྱད་ཆོས་ཐོན་ལས་ཀྱིས་ས་གནས་དེ་གའི་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་དངོས་སུ་ཕན་ཐོགས་པ་དང་ཡུལ་སྡེ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྒུལ་ཤུགས་བསྣན་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
