དབྱངས་ཀྱི་རྒྱུད་སྐུད་དཀྲོལ་པའི་གདངས་ཆ་ལ།།
ཚངས་སྲས་མགྲིན་བརྒྱ་སྡེབ་པའི་སྣང་བ་གྲོལ།།
ཀུན་རྟོག་ལྡེབས་ངོགས་འཆར་པའི་མེ་ཏོག་འདི།།
ཡིད་ཀྱི་ངོགས་སུ་མཛེས་པའི་དབྱངས་ཅན་མ།།
ངག་རིག་འཇའ་ཚོན་ཚེས་པའི་ཉམས་འགྱུར་དུ།།
ཚིག་རྒྱན་ཡལ་འདབ་དགོད་བའི་པད་མ་འཛུམ།།
སྡེབ་སྦྱོར་ལེགས་པ་དགྱེས་པའི་འོད་ཆགས་ཅན།།
ཡིད་སེམས་རྒྱ་མཚོ་སྐྱོམས་པའི་དབྱངས་ཅན་མ།།
སྙན་དབྱངས་རྒྱ་མཚོ་སྐྱོམ་པའི་རླབས་རིས་སུ།།
ཚིག་རྒྱན་འདབ་མ་ཐོར་བའི་ཚེམས་ཕྲེང་གྲོལ།།
ཡིད་འགྱུ་རླུང་གིས་བསྐྱོད་བའི་ཉམས་སྣང་དུ།།
སྒྱུ་མའི་གཟུགས་སྣང་གཡོ་བའི་དབྱངས་ཅན་མ།།
ཚངས་སྲས་བྱིན་རླབས་འཕྱུར་བའི་ངག་རིག་ཏུ།།
ཚོགས་དྲུག་བུང་བ་ལྡིང་བའི་མཚར་སྡུག་དགོད།།
འཆར་སྒོ་ཡངས་པའི་པད་མའི་འཛུལ་ཞལ་ནས།།
ཚིག་རྒྱན་དྲི་བསུང་འདེད་པའི་དབྱངས་ཅན་མ།།
ཚངས་སྲས་འཛུམ་པ་དགྱེས་པའི་གདངས་ཆ་ལ།།
ལེགས་བཤད་སྟོང་གིས་སྤུད་པའི་སྙན་ཚིག་གྲོལ།།
ཡིད་ཀྱི་དབྱངས་བདུད་དཀྲོལ་བའི་འཁྲི་ཤིང་ལ།།
ངག་གི་བྱིན་རླབས་གནང་བའི་དབྱངས་ཅན་མ།།
ཀུན་རྟོག་སེམས་ཀྱི་འདབ་མ་གཡོ་བའི་ངོགས།།
རིག་བྱེད་ངག་གི་རླབས་ཕྲེང་ཡེར་ཡེར་བསྐྱོད།།
སྒྱུ་མའི་མཐིལ་གཞུང་ཡངས་པའི་འཁོར་གྲོང་དུ།།
ཚོགས་དྲུག་འཆར་སྒོ་རུབ་པའི་དབྱངས་ཅན་མ།།
གཉུག་མའི་སེམས་ཀྱི་མེ་ལོང་ཡངས་པའི་ངོས།།
ཚིག་རྒྱན་གཏོར་བའི་ལྗོན་བཟང་ལྡེམ་ལྡེམ་སྒུལ།།
སྙན་འཇེབས་དབྱངས་ཀྱི་ཟིལ་བ་ཐར་ཐོར་ནས།།
སེམས་ཀྱི་གདངས་ཆ་སློང་བའི་དབྱངས་ཅན་མ།།
