国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཚན་མོའི་སྙིང་ གཏམ་ཁྲ་ཁྲ།

སེམས་ཀྱི་ནམ་མཁར་སྤྲིན་པ་སྣ་ཚོགས་འདུས།།

གྲང་རླུང་ཅུང་ཙམ་སྐབས་རེ་སྐབས་རེར་ལྡང་།།

སྨག་མུན་འཁོར་བའི་གྲོང་པ་མི་རྟག་ལགས།།

སྒྱུ་མའི་འཕྲུལ་གྱི་གློག་ཞགས་རྣམ་ཀུན་འཁྱུག །

རྣམ་རྟོག་རྟ་ཁྱུ་ཞོགས་པའི་སྒང་གཤོང་ངོས།།

འཚོ་བའི་གཙང་པོ་བཞུར་བའི་སྒྲ་སྙན་བསྐྱོད།།

རྒྱལ་ཕམ་བསླེས་པའི་ངག་གི་དགུ་ཚིགས་འདི།།

འཇིག་རྟེན་ཆོས་ཉིད་ཀློང་ནས་ཐེངས་ཤིག་ལེན།།

མུན་པ་རིམ་གྱིས་མཁའ་མཐར་ག་ལེར་འཁྱིལ།།

ཟླ་བའི་ཞལ་རས་འཛུམ་གྱིས་རི་རྩེར་འཛེགས།།

ལྷོ་ཕྱོགས་ནམ་མཁར་འཆར་བའི་སྐར་མ་ཞིག །

ཁེར་རྐྱང་འཇའ་གུར་ཕུབ་ནས་འོད་ཟེར་ཚེས།།

ཡིད་ལ་དགའ་སྡུག་འདྲེས་མའི་ཚོར་སྣང་ཞིག །

མཚན་མོའི་སྨག་མུན་ལྷན་དུ་ཁུ་སིམ་བསླེབས།།

ཡུན་རིང་སེམས་ལ་བཏེགས་པའི་དྲན་པ་དེ།།

སེམས་ཀྱི་རྫིང་བུར་ཤར་ནས་མིག་ལ་འཁྲུལ།།

ཁུ་སིམ་གྲང་རླུང་ལྡང་བའི་ཕྱི་རོལ་ངོགས།།

མུན་པའི་ཟེགས་མ་དལ་མོས་མཁའ་ལ་གཡོ།།

མཐོང་ལམ་མག་མོག་གྱུར་པའི་ལམ་ཕྲན་དུ།།

དྲན་པའི་ཞེན་ཆགས་གཙེས་པའི་སྣང་བ་ཡོད།།

རྟོག་ཚོར་རླབས་རིས་འཁྱིལ་བའི་ཞེ་ཡིད་ནས།།

དགའ་སྐྱོ་འདྲེས་མའི་སྨུག་ཞགས་ལང་ལོང་སྟེ།།

སྐད་ཅིག་སྐད་ཅིག་འགྱུར་བའི་མཚན་ལམ་དུ།།

མི་རྟག་སྒྱུ་འཕྲུལ་དར་ཆ་ལྷབ་ལྷུབ་སྐྱོད།།