སྙན་ངག་འདིའི་ནང་མི་ཚེའི་བརྒྱུད་རིམ་ཡོད།།
བརྒྱུད་རིམ་ནང་ན་མཛེས་པའི་ལང་ཚོ་ཡོད།།
ལང་ཚོའི་དབུས་སུ་ལྷད་མེད་བརྩེ་དུང་ཡོད།།
བརྩེ་དུང་འདི་ནི་ཁ་བའི་རང་མདངས་ཡིན།།
སྙན་ངག་འདིའི་ནང་མི་ཚེའི་སྐྱིད་སྡུག་ཡོད།།
སྐྱིད་སྡུག་འདི་དག་འཚོ་བའི་ཆ་ཤས་ཡིན།།
ཆ་ཤས་འདུས་པའི་སེམས་ཀྱི་འདབ་མ་ནི།།
མི་ཚེ་ཟེར་བའི་དོན་གྱི་རང་བཞིན་ལགས།།
སྙན་ངག་འདིའི་ནང་གྱེས་པའི་གདུང་བ་ཡོད།།
གདུང་བ་འདིའི་ནང་མི་རྟག་རང་གཤིས་ཡོད།།
མ་ངེས་རླུང་བུས་གཡོ་བའི་སྐྲ་གསེབ་ནས།།
ཞེན་ཆགས་སྣ་ཚོགས་དུམ་བུ་དུམ་བུ་རྒྱུག །
སྙན་ངག་འདིའི་ནང་འཕྲད་པའི་དགའ་སྤྲོ་ཡོད།།
དགའ་སྤྲོ་འདིའི་ནང་འཛུམ་པའི་སྣང་བ་འདུས།།
སྣང་བའི་དྲི་བསུང་འཐོར་པའི་ཡིག་ཆུང་འདི།།
ཞོགས་པའི་ཉི་འོད་དང་པོའི་སྐྱེས་ཆང་ལགས།།
སྙན་ངག་འདིའི་ནང་ཁེར་རྐྱང་འཚོ་བ་ཡོད།།
འཚོ་བ་འདིའི་ནང་དགའ་སྡུག་སྤེལ་མ་ཡོད།།
མཚན་མོ་ནམ་མཁར་ཤར་བའི་དུང་ཟླ་ནི།།
ཁེར་རྐྱང་སྐྱོ་བ་སེལ་བའི་གྲོགས་ཤིག་ཡིན།།
སྙན་ངག་འདིའི་ནང་སེམས་ཀྱི་སྙིང་གཏམ་ཡོད།།
སྙིང་གཏམ་འདི་དག་བརྩེ་བའི་མེ་ཏོག་ལགས།།
སྐད་ཅིག་མ་གནས་བཞུར་བའི་དུས་ཚོད་ངང་།།
སྙིང་གཏམ་འདི་དག་བདེན་པའི་སྙིང་ཁུ་ཡིན།།
སྙན་ངག་འདིའི་ནང་ང་ཡི་ཕུགས་བསམ་ཡོད།།
ཕུགས་བསམ་འདི་རུ་སེམས་ཚོར་རི་མོ་ཡོད།།
ལམ་གྱི་ཀྱག་ཀྱོག་བརྒལ་བའི་དགའ་སྡུག་ཏུ།།
ལུས་རྟེན་འདི་ཡི་རྨི་ལམ་ཡང་ཡང་འགུལ།།
