国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྷད་མེད་གངས་ཀྱི་ ཚིག་ཕྲེང་།

ནམ་མཁའ་དྭངས་ཤིང་ཉི་འོད་དབུས་སུ་བརྒྱན་ཡོད།།

སྤྲིན་པ་རེ་ཞིག་མཁའ་མཐར་མཛེས་པར་བཞད་ཡོད།།

སྔོན་པོས་འཁྱུད་པའི་ཡངས་པའི་མེ་ལོང་འདི་ཉིད།།

ཁོ་བོའི་རྨི་ལམ་ཚུད་པའི་དབྱངས་ཁུགས་ཡིན་སྲིད།།

བྱ་རྒོད་ཅིག་གིས་གཤོག་ཟུང་བསྲིངས་ཏེ་འཕུར་བ།།

སྐོར་གསུམ་བརྒྱབ་ནས་ལྷོ་ཕྱོགས་ཡུལ་དུ་བཞུད་ཐལ།།

སེམས་སུ་ཚགས་པའི་རང་དབང་རྣམ་ཤེས་འདྲ་སྟེ།།

ཉི་ནུབ་ཕྱོགས་པའི་རྟ་རྒོད་ཁྱུ་ཚོགས་ནང་བཞིན།།

ཞེ་ཡིད་རྒྱུད་སྐུད་དཀྲོལ་བའི་རོལ་དབྱངས་ཡིན་ཏེ།།

ཚིག་ལ་བབས་པའི་འཆར་ཡན་འཛུམ་ཆུང་ཡིན་ནོ།།

ཞེ་སེམས་དགྱེས་པའི་ཡིད་འོང་དགའ་ཚལ་ཀློང་དུ།།

ཚོར་ཕྱུག་ཐེག་པའི་བྱེའུ་གདངས་ཀྱིས་བཀབ་ཡོད།།

ཉི་འོད་གསེར་ཐིག་ཤེལ་གྱི་སྒེའུ་ཁུང་བརྒྱུད་ནས།།

མདུན་དུ་བཞག་པའི་དཔེ་ཆའི་ཤོག་ངོས་གསལ་ཏེ།།

མིག་ཟུང་མནན་པའི་འོད་ཀྱི་འདབ་མ་འཕྲོས་ཡོད།།

དྲོད་ཁོལ་འཁྱུད་པའི་སྣང་བའི་སྨུག་པ་འཁྱིལ་བྱུང་།།

ལྷིང་འཇགས་གཡོ་བའི་གཞས་ཀྱི་ངག་སྒྲའི་ཁྲོད་དུ།།

རང་བྱུང་མཛེས་པའི་སྐད་ཀྱི་རྒྱན་དུ་གྲུབ་ནས།།

ཁོ་བོའི་རྣམ་རྟོག་གནས་ཁུང་གཅིག་ཏུ་འདུས་ཤིག །

དུས་ཡུན་རིང་པོར་སེམས་ཀྱི་ཚོར་བ་བསླུས་ཡོད།།

སྔོན་དབྱིངས་ཟུག་པའི་ནགས་ཀྱི་རིའི་ཟོམ་རྩེ་མོས།།

མིག་དབང་འཕྲོག་སྟེ་གནམ་གྱི་སྐས་ཐེམ་བཞིན་དུ།།

འགྱིང་བག་ངང་ནས་རིང་མོ་མཁའ་ལ་འགྲེང་ཡོད།།

ཡངས་པའི་ཨ་སྔོན་མཛེས་པའི་རྒྱན་དུ་སྤུད་ཡོད།།

མ་གཡོ་བརྟན་པའི་རང་བྱུང་གནམ་གྱི་གདུང་མའི།།

གྲིབ་བསིལ་ལྷུང་བའི་འཁྱག་ངར་གདན་ཁྲི་སྒང་དུ།།

གཙང་པོ་བཞུར་བའི་འགྲམ་དུ་དར་ཁ་ཆགས་ནས།།

ལུས་ཕུང་འདར་བའི་སྣང་བ་སེམས་སུ་འཁྱིལ་ཡང་།།

སེམས་ཀྱི་ཞལ་ངོས་གཙང་བས་དགྱེས་པ་མཛད་དེ།།

ཡིད་འོང་གྲོལ་བའི་གཞས་ཀྱི་བདུད་རྩིས་བཟིས་ཡོད།།