国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་ཚོར་སྣང་།

འཇིག་རྟེན་འདི་ནང་ཅི་ཡང་འབྱུང་གིན་ཡོད།།

སེམས་ཁོང་འདི་ནང་ཅི་ཡང་འཆར་གྱིན་ཡོད།།

ཉི་ཟླ་འཆར་ནུབ་གཉིས་ཀའི་བར་གསེབ་ནས།།

ཕྱི་མིག་ཞེན་ཆགས་ཟེགས་མ་ཡང་ཡང་འཐོར།།

གཙང་པོའི་གཞས་སྒྲ་བར་མེད་རྣ་བར་བབས།།

རླབས་རིས་མེ་ཏོག་ཡང་ཡང་འགྲམ་ཁར་རྡེབ།།

མེ་ཏོག་འབའ་ཞིག་བསེར་རླུང་གར་ལ་འདྲེས།།

སྤྲིན་དཀར་གཡོ་ཕྱོགས་ཤིག་ཏུ་མགོ་ལྕོག་ལྡེམ།།

མི་ཚོགས་འཚང་ག་ཤིག་ཤིག་ལམ་ལ་འགྲིམས།།

ས་རྡུལ་སྐབས་རེར་འཚུབ་ཅིང་སྐབས་རེར་ཞི།།

ནམ་ཡང་མི་ཁོམ་འཇིག་རྟེན་འཁོར་བའི་ཀློང་།།

སྤྲོས་པ་དབྱངས་ཀྱི་འདབ་མ་རྒྱུན་པར་དཀྲོལ།།

འདུས་བྱས་གར་གྱི་སྒྱུ་འཕྲུལ་ཕྱོགས་ཀུན་རྩེན།།

ལྷིང་འཇགས་ཉི་འོད་ཟེར་མ་ཡང་དུ་དཀྲོགས།།

ལྗོན་ཤིང་འདབ་མར་ཟགས་པའི་ཟིལ་བུ་དག །

མི་རྟག་གཞས་ཤིག་དཀྲོལ་ཞིང་སྐྱེ་འཆི་བསྙད།།

ཡིད་ཀྱི་ངོས་སུ་བཞེངས་པའི་འཁྲེང་ཞེན་དག།

དུས་ཚོད་སྐུད་པར་བརྒྱུས་ནས་སྐར་ཚོགས་ཀྱི།།

ཁྲ་ཆུང་མིག་གི་མཚོ་མོར་མཆོང་བས་ན།།

ཡར་ཆུང་སྙིང་གི་ལྡེབས་ངོགས་དེ་བཞིན་ཚེས།།

སྒྱུ་མའི་དབྱངས་ཀྱི་གཡེང་དྲིལ་འགུལ་བས་ན།།

ཟག་བཅས་ཚིག་གི་མུ་ཏིག་མཛེས་པར་བཞད།།

གནམ་གྱི་སྐར་ཚོགས་བཀྲ་པའི་འཕྲུལ་པ་ལས།།

གཡོ་ཟོལ་འོད་ཀྱི་འཇའ་རིས་སེམས་སུ་དགོད།།