国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ལོའི་ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་གྱི་རྒྱལ་ཡོངས་གཙོ་རའི་བྱེད་སྒོ་ཧུའུ་པེ་ཞང་དབྱང་དུ་སྤེལ་རྒྱུ།

ཀྲུང་གོ་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དགུ་པ་འཆར་ལ་ཉེར་སྐབས། ཞིང་ལས་ཞིང་སྡེ་པུའུ་ཡི་ཁྲོམ་ར་དང་ཆ་འཕྲིན་ཅན་སི་ཡི་སི་ཀྲང་ལེ་ལིའུ་ཀུང་གིས་ལོ་ལེགས་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ཟླ་བའི་ཞིང་ལས་ཞིང་སྡེ་གཙོ་རའི་བྱེད་སྒོ་སོགས་གཙོ་གནད་བྱེད་སྒོ་ཁག47སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་ཡིན་ཞིང་། ད་ལོའི་ལོ་ལེགས་དུས་ཆེན་གྱི་རྒྱལ་ཡོངས་གཙོ་རའི་བྱེད་སྒོ་ཧུའུ་པེ་ཞིང་ཆེན་ཞང་དབྱང་གྲོང་ཁྱེར་ཙའོ་དབྱང་གྲོང་ཁྱེར་ཏུང་ཅའོ་གྲོང་སྡེར་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད། དེ་ནི་གསར་འགོད་པས་ཉེ་ཆར་ཞིང་ལས་ཞིང་སྡེ་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན།ལེ་ལིའུ་ཀུང་གིས་ད་ལོའི་ལོ་ལེགས་དུས་ཆེན་ལ་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་རིག་གནས་དར་སྤེལ།ཡུལ་སྡེ་དར་རྒྱས་བཅས་ཀྱི་དམིགས་ཡུལ་ལ་དམིགས་ཏེ། ལོ་ལེགས་ཀྱི་རྣམ་པ་གསར་པ་བཏོད་ནས་དངོས་སྒྲུབ་ཀྱིས་དར་རྒྱས་ལ་བསྐུལ་བའི་གཙོ་དོན་དུ་བྱས་ཤིང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་གཙོ་བོ་བྱས་ནས་ཞིང་པ་བྱེད་པོ་དང་ཞིང་ལས་གཙོ་རྐང་།ཞིང་སྡེ་གཙོ་ར་བཅས་རྒྱུན་འཁྱོངས་ཏེ་ཞིང་པར་ཞབས་ཞུ་དང་རྟེན་འབྲེལ་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་རྒྱུ་དང་། ལོ་ལེགས་དུས་ཆེན་དེ་ཞིང་གསུམ་གྲུབ་འབྲས་དང་གྲོང་ཡུལ་འཛད་སྤྱོད་ལ་བསྐུལ་བ།སོ་ནམ་རིག་གནས་དར་སྤེལ་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

ཞིང་ཕན་གྱི་དོན་དངོས་སྒྲུབ་པ་ནི་ད་ལོའི་ལོ་ལེགས་དུས་ཆེན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན། ཁོང་གིས་ལོ་ལེགས་དུས་ཆེན་རིང་ང་ཚོས་ཞིང་ཕན་བྱེད་ཐབས་ཁག་གཅིག་གཅིག་བསྡུས་ཐོག་བཏོན་པ་དང་། ཞིང་རོགས་བྱ་སྤྱོད་ཁག་གཅིག་སྤེལ་བ། ཞིང་པའི་དོན་དངོས་ཁག་གཅིག་སྒྲུབ་པ་བཅས་སྤེལ་ནས་ཞིང་པ་མང་ཚོགས་ཀྱིས་སྲིད་ཇུས་མཐོང་ཐུབ་པ་དང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ། དངོས་ཕན་ཉམས་སུ་མྱོང་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

བྱེད་སྒོ་ལས་ད་དུང་ས་གནས་ཁག་གིས་ལོ་ལེགས་དུས་ཆེན་གྱི་གཙོ་དོན་དང་ཞིང་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་ལ་དམིགས་ནས་ལོ་ལེགས་གྲུབ་འབྲས་སྟོན་པ་དང་ཞིང་པའི་ཉམས་འགྱུར་མངོན་པ། སོ་ནམ་རིག་གནས་དར་སྤེལ། ཞིང་ལས་ཐོན་རྫས་འཛད་སྤྱོད་ལ་བསྐུལ་བ་སོགས་ཀྱི་ཐད་བྱེད་སྒོ་ཕུན་སུམ་ཚོགས་པ་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།

ལོ་ལེགས་དུས་ཆེན་ནི་གྲོང་ཡུལ་གྱི་ཁྲོམ་ར་འཁྲུག་ཆ་དོད་པ་དང་ཡུལ་མིའི་འཛད་སྤྱོད་ལ་བསྐུལ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། ལེ་ལིའུ་ཀུང་གིས་ད་ལོ་འཛད་སྤྱོད་ལ་བསྐུལ་བ་དེ་ལོ་ལེགས་དུས་ཆེན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ། གསེར་ལྗོངས་སྟོན་ཀའི་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་གཙོ་བོར་བྱས་ནས་ལོ་ལེགས་དཔལ་འབྱོར་མུ་མཐུད་དེ་སྐྱེད་སྲིང་བྱ་རྒྱུ་དང་། ས་གནས་ཁག་གི་ལོ་ལེགས་ཁྲོམ་ར་སོགས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་གཏོད་པར་བསྐུལ་ཏེ། ཞིང་ལས་དང་ཚོང་ལས།རིག་གནས།ཡུལ་སྐོར།ལུས་རྩལ་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུ་དང་། གྲོང་ཁྱེར་གྱི་ཡུལ་མི་གྲོང་སྡེར་བསྐྱོད་དེ་གྲོང་སྡེའི་མཛེས་ལྗོངས་ལ་མྱོང་རོལ་དང་ཕ་ཡུལ་གྱི་ཁྱད་ཆོས་མྱོང་རོལ་བྱེད་དུ་བཅུག་དགོས་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་ལེགས་དུས་ཆེན་གྱི་རྒྱལ་ཡོངས་གཙོ་རའི་བྱེད་སྒོ་དེ་གཙོ་བོ་མཉམ་སྤྲོའི་བྱེད་སྒོར་དམིགས་ནས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ་དང་ཞིང་ལས་བཞི་ཡིས་ལོ་ལེགས་ལ་བསྐུལ་བ། ཤེས་དཔལ་གྲོང་ཡུལ་གྱི་མཉམ་འགྱུར་ལ་བརྟེན་ནས་ལོ་ལེགས་བྱུང་བ་དང་། ཁྱད་རྫས་གཅིག་བསྡུས་ཐོག་ལོ་ལེགས་ཡོང་བར་རམ་འདེགས་བྱེད་པའི་བྱེད་སྒོ་གཙོ་བོ་ཁག13ཇུས་འགོད་བྱས་ཏེ།ཞིང་ལས་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པ་དང་ཡུལ་སྡེ་དར་རྒྱས་ཀྱི་རྣམ་པ་གསར་པ་ཁྱོན་ཡོངས་ནས་མངོན་རྒྱུ་རེད།།

( བདེ་ཆེན་གྱིས་བསྒྱུར།)