སྤྱི་ཟླ9པའི་ཚེས20ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལས་ཀར་ཞིབ་འཇུག་བྱེད་པའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་ཡུལ་སྐོར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། རིག་གནས་ཡུལ་སྐོར་ཁུལ་ཆེན་གྱིས་འགན་འཁྲི་བརྟན་པོ་འཁུར་ཞིང་། གོ་སྐབས་དམ་འཛིན་དང་མ་སྐུལ་དང་བླངས་ཀྱིས་ཆུ་ཚད་དེ་བས་མཐོ་བའི་མཉམ་འདྲེས་ལས་རིགས་ཀྱི་རྣམ་པ་གཏོད་པ་དང་། སྤུས་ཚད་དེ་བས་མཐོ་བའི་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏང་བ། ཕན་འབྲས་དེ་བས་ཆེ་བའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏང་བ་བཅས་མགྱོགས་སུ་བྱས་ནས་རིག་གནས་སྟོབས་ལྡན་ཞིང་ཆེན་དང་ཡུལ་སྐོར་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱ་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གསུངས་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད།
ཚོགས་འདུར་ཁུལ་ཡོངས་ཀྱི་ཉེ་དུས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་འབྲེལ་ཡོད་ལས་དོན་སྙན་ཞུར་ཉན་པ་དང་། 《2026ལོའི་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལྗོངས་ཁུལ་འཕེལ་རྒྱས་ཚོགས་ཆེན་གྱི་ཇུས་གཞི》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་སླད་ཕྱིན་གྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་ས་གནས་ཁག་དང་སྡེ་ཚན་ཁག་གིས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏང་རྒྱུ་རྒྱུན་འཁྱོངས་ཏེ་ས་གནས་དེ་གའི་རིག་གནས་ཀྱི་ནང་དོན་དང་། སྐྱེ་ཁམས་ཐོན་ཁུངས། ས་ཁོངས་ཀྱི་ཁྱད་ཆོས་བཅས་སྔོག་འདོན་ཡང་དག་བྱས་ནས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་རྒྱུ་དང་ལྟེ་བའི་ལེགས་ཆ་ཞུན་བརྡར་བྱེད་པ། ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཡང་དག་བྱེད་པ་དེས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཤུགས་སྣོན་དགོས་ཞེས་བསྟན།
ཚོགས་འདུར་ནན་གསུང་གནང་དོན། “གསར་གཏོད”ཐད་གནད་སྨིན་ཤུགས་འདོན་དང་། “བཅོས་སྐྱོང་”ཐད་མཐུན་སྦྱོར་མཉམ་ཤུགས་འདོན་པ། “ལས་སྒྲུབ”ཐད་རྒྱུན་མཐུད་ངང་ཤུགས་རྒྱག་པ་བཅས་བྱ་དགོས་པ་དང་། ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་པས་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རར་འགྲུལ་པ་མང་དུ་འགྲོ་བའི་རེས་སྐོར་གསར་པ་ཞིག་ལ་སླེབས་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་ཆེན་སྐབས་ཀྱི་རིག་གནས་ཡུལ་སྐོར་འགན་ལེན་བྱ་རྒྱུ་དེ་མིག་སྔའི་གཙོ་གནད་ལས་ཀར་བརྩིས་ནས་དུས་ཆེན་གཉིས་ཀྱི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པ་གཅིག་གྱུར་འཆར་འགོད་ཡག་པོ་བྱ་རྒྱུ་དང་། ལས་རེས་ལས་སྲུང་དང་ཆ་འཕྲིན་གོང་འབུལ་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ་འགྲིམ་འགྲུལ་ལམ་གཤོང་དང་། འཁོར་འཇོག་དོ་དམ། སྐྱེལ་འདྲེན་བྱེད་ཤུགས་འབྲེལ་མཐུད། དང་བླངས་ཞབས་ཞུ། སྨན་བཅོས་མྱུར་སྐྱོབ་སོགས་འགན་ལེན་ལས་དོན་ཏན་ཏིག་བསྒྲུབས་ནས་དཀར་མཛེས་ཁུལ་དུ་ཡོང་བའི་འགྲུལ་པ་ཚོར་སྤྲོ་སྐྱིད་བག་འཕེལ་གྱི་ཡུལ་སྐོར་རོལ་དུ་བཅུག་དགོས།
འབྲེལ་ཡོད་ཁུལ་མགོ་ཁྲིད་དང་། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། འདབ་པ་རྫོང་བཅས་ཀྱི་འགན་འཁུར་བློ་མཐུན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་གྲོས་ཚོགས་སུ་ཞུགས་ཡོད།། (ལྷ་འཛོམས་ཀྱིས་བསྒྱུར།)
