国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་བ།

གསར་དུ་བཟོ་བཅོས་བརྒྱབ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་སྲོལ་ཡིག་སྤྱི་ཟླ9པའི་ཚེས20ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་དེས་རང་རྒྱལ་གྱི་ས་ཁང་བདག་ཁོངས་ཁྲོམ་རའི་གོང་འཕེལ་དང་འགྱུར་ལྡོག་ལ་གང་ལེགས་བསྟུན་ནས། བཅོལ་གསོག་བྱེད་མཁན་གྱི་དུས་མཚམས་མི་འདྲ་བའི་སྣ་མང་ཅན་གྱི་སྡོད་ཁང་གི་དགོས་མཁོ་བསྐང་རྒྱུ་དམིགས་ཚད་གཙོ་བོར་བྱས་ཏེ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བཅོལ་གསོག་དང་། བེད་སྤྱོད། ཁེ་གཙང་། དོ་དམ་བཅས་ལེགས་འགྱུར་བྱས་པ་བརྒྱུད། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ལ་བརྟེན་ནས་སྡོད་ཁང་གི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་སྔར་ལས་ལྷག་པར་བྱ་རྒྱུ་རེད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་ལ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས། གཙོ་གནད་ཐོག་ལས་དོན་ཁག་བཞིར་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་པ་སྟེ།གཅིག། ལམ་ལུགས་ཀྱི་ཁྱབ་རྒྱ་ཆེ་རུ་གཏང་རྒྱུ། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཁྲོད་ལས་ཞུགས་གྲུབ་གཞིར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། བབ་བསྟུན་ལས་ཞུགས་ཚོགས་སྤྱིའི་གཞི་ཁྱོན་མགྱོགས་མྱུར་ངང་འཕར་བཞིན་ཡོད་པས། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཁྱབ་རྒྱ་ཆེ་རུ་བཏང་ནས། སྒེར་གྱི་བཟོ་ཚོང་ཐེམ་དུད་དང་ཉིན་ཧྲིལ་པོའི་ལམ་ལུགས་མིན་པའི་ལས་ཞུགས་མི་སྣ། དེ་བཞིན་བབ་བསྟུན་ལས་ཞུགས་མི་སྣ་བཅས་ཀྱིས་རང་འདོད་ལྟར་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་གསོག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཀུན་ཕན་རང་བཞིན་སྔར་བས་ཆེ་རུ་གཏང་རྒྱུ་དང་།གཉིས། སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་སྤྱོད་པའི་ཁྱབ་ཁོངས་རྒྱ་ཆེ་རུ་གཏང་རྒྱུ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ནང་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པ་དང་སྤྱོད་པའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་བ་དང་། མ་དངུལ་ལེན་པའི་གནས་ཚུལ་རིགས6ནས་རིགས9བར་མང་དུ་བཏང་ཡོད། དེའི་ནང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་སྡོད་ཁང་མཛེས་བཟོ་དང་སྡོད་ཁང་སྡེ་ལས་ཀྱི་གྲོན་དངུལ་སྤྲོད་པ་སོགས་ཀྱི་ཐད་བེད་སྤྱོད་བཏང་ཆོག་གི་ཡོད་ལ། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ། ཁང་པ་གླ་བ་དང་། ཁང་པ་ཉོ་བ། ཁང་པ་ཉམས་གསོ་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱས་ནས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ཞབས་ཞུ་དེ་སྡོད་ཁང་འཛད་སྤྱོད་ཀྱི་དུས་འཁོར་ཧྲིལ་པོར་ཁྱབ་ཐུབ་པར་བྱ་རྒྱུ།གསུམ། དོ་དམ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏང་རྒྱུ། སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ཞབས་ཞུའི་ཕན་ནུས་ཆེ་རུ་འགྲོ་བར་སྐུལ་འདེད་གཏང་རྒྱུ་ནི་ཕྱོགས་གང་ཅིའི་ཐད་ཀྱི་ཡོངས་ཁྱབ་ཀྱི་རེ་སྒུག་ཅིག་ཡིན་ཞིང་། སྡོད་ཁང་སྤྱི་གསོག་མ་དངུལ་གྲངས་གཞི་ཅན་དང་རིག་ནུས་ཅན་དུ་འཛུགས་སྐྱོང་བྱེད་པར་ཤུགས་བརྒྱབ་ནས། དོ་དམ་ཞབས་ཞུའི་ནུས་ཆེ་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏང་རྒྱུ། གྲངས་གཞིར་བརྟེན་ནས་མཐུན་རྐྱེན་སྦྱོར་བ་དང་། མ་དངུལ་ལེན་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། དངུལ་བུན་གཏོང་ལེན་གྱི་དུས་བཀག་ཐུང་དུ་གཏོང་བ། བཅོལ་གསོག་ཟིན་ཐོ་རྒྱལ་ཡོངས་ཁྱབ་ཁོངས་སུ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་ཁས་ལེན་བྱ་རྒྱུ་ཁྱབ་སྤེལ་གཏོང་བ། སྡོད་ཁང་སྤྱི་གསོག་མ་དངུལ་སྤོ་སྒྱུར་རྒྱུན་མཐུད་དང་ས་ཆ་གཞན་དུ་དངུལ་བུན་གཏོང་བ་སོགས་ཀྱི་ལས་སྒོ་ཕན་ནུས་དང་ལྡན་པའི་སྒོ་ནས་སྒྲུབ་པར་སྐུལ་འདེད་བཏང་སྟེ། བཅོལ་གསོག་བྱེད་མཁན་གྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་རྒྱུ།བཞི། མ་དངུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་པོར་འཛུགས་རྒྱུ། མ་དངུལ་བདེ་འཇགས་ཡོང་བར་བྱ་རྒྱུ་ནི་སྡོད་ཁང་སྤྱི་གསོག་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་ཡིན་ཞིང་། དེ་ནི་བཅོལ་གསོག་བྱེད་མཁན་ཚང་མའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད། ལམ་ལུགས་ཚད་ལྡན་ཅན་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་དོ་དམ་བྱེད་པའི་ཐབས་ལམ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་བདེ་འཇགས་འགན་ལེན་ཏན་ཏིག་དང་། བཅོལ་གསོག་བྱེད་མཁན་གྱི་མ་དངུལ་དོ་དམ་ཡག་པོ་བྱ་རྒྱུ་རེད།།

( ཨོ་རྒྱན་གྱིས་བསྒྱུར།)