ན་ནིང་སྟོན་གྱི་ལོ་ལ།།
དབྱར་ཁར་མ་འབབ་བསྙལ་བའི།།
ཆར་ཆུ་བདུད་རྩིའི་ཐིགས་པ།།
ས་ལ་ལན་འགའ་ཐོར་སོང་།།
དམིགས་ནས་བསྙལ་བ་མ་རེད།།
དུས་དང་འབྱུང་བའི་འགྱུར་བ།།
ཁྱེད་དང་ང་ཚོ་ཚང་མའི།།
ལས་ཀྱི་འབྲས་བུ་ཡིན་རེད།།
འབྲས་བུ་གསེར་འདྲ་ཡོད་རེད།།
འབྲས་བུ་ལུད་འདྲ་ཡོད་རེད།།
འབྲས་བུ་ཡག་སྡུག་གང་ཡིན།།
རང་གིས་རྨོས་པའི་ཞིང་རེད།།
ད་ལོའི་དབྱར་གསེང་རིང་ལ།།
ཕ་མ་ཡིད་ལ་བསྒོམས་ནས།།
སྦྲ་ནག་སེམས་ལ་བཅངས་ནས།།
ཕ་ཡུལ་པང་ལ་ལོག་ཕྱིན།།
ཡུལ་མི་སུ་དང་གང་འཕྲད།།
ད་ལོ་གནམ་གཤིས་སྐྱིད་བྱུང་།།
རྩྭ་ཆུ་འཛོམས་པ་ཡག་སོང་།།
ད་ལོ་ལོ་ཡག་རེད་ཟེར།།
ན་ནིང་ཐན་ལུགས་བཤད་ཐལ།།
ད་ལོ་ཞོད་ལུགས་གླེང་ཐལ།།
གང་ལྟར་ད་ལོའི་གནམ་གཤིས།།
བློ་ཡིད་ཚིམ་པ་བྱུང་སོང་།།
ད་ནི་སྟོན་ཟླ་ཤར་སོང་།།
ཞིང་གི་ལས་ལ་བྲེལ་རན།།
ལུས་པོ་རྔུལ་ཆུས་བརླན་རན།།
ཞིང་པས་དཀའ་ལས་རྒྱག་རན།།
སྤྲིན་པ་ཉུང་ཉུང་འགའ་ཡིས།།
ཤར་ལྷོ་ནུབ་བྱང་བསྐོར་ནས།།
ཆར་ཆུ་མ་འབབ་ཉར་བས།།
ཞིང་པའི་ཡིད་དབང་ལྷོད་སོང་།།
འཛུམ་གྱི་མེ་ཏོག་བཞད་འདུག །
ནམ་མཁའི་བླ་མ་དཀོན་མཆོག །
བྱམས་ཀྱི་བདག་པོ་རེད་ཟེར།།
སྟོན་གྱི་མགུར་དབྱངས་མ་རེད།།
དུས་ཀྱི་འགྱུར་བའི་དབྱངས་རེད།།
དབྱངས་ཀྱི་ངོ་བོ་མ་ཤེས།།
མགུར་གླུ་ལེན་ཐབས་མི་འདུག །
ང་ནི་ཕ་ཡུལ་ལུང་པའི།།
ཡུལ་མི་དག་དང་འདྲ་བར།།
ད་ལོ་སྐྱིད་པའི་སྤང་ལ།།
སེམས་པ་ཤོར་ནས་ལུས་ཡོད།།
སེམས་པ་ཤོར་ཀྱང་ལོས་ཤོར།།
ཁྱེད་དང་ང་གཉིས་མ་རེད།།
གཡང་གི་སྒོ་ཟོག་དག་ཀྱང་།།
དགའ་སྤྲོས་སྟོན་ཟླར་རོལ་སོང་།།
༼ ཨོ་ཏོག་བསྟན་ཉི། ༽
