སྤྲིན་པ་བརྟོལ་བས་རི་བོའི་ཕ་རོལ་ན།།
སྟོན་རླུང་ཤུར་ཤུར་བསིལ་རླུང་ཅན་དུ་ལྡང་།།
ཉི་མའི་ངོ་མདངས་འཁྱག་པས་བསྡམས་སོང་ངོ་།།
ཙག་རླུང་རུས་པའི་གསེང་ལ་ཟུག་བྱུང་ངོ་།།
སྟོན་ཁའི་ལོ་འདབ་ས་ལ་འབབ་པའི་དུས།།
ད་ལོའི་གྲང་རེག་སེམས་ངོར་ལྗིད་སེ་བབས།།
ཙག་དང་བསེར་བུ་དྲོད་དུ་སྒྲོག་པ་ཡི།།
གཏམ་དག་དགུན་རླུང་ལས་ཀྱང་ལྷག་པར་གྲང་།།
རི་ལུང་ཐམས་ཅད་ཙག་གིས་གཡོགས་པ་ཡི།།
འགྲོ་སའི་ལམ་ཞིག་མཐོང་དུ་མེད་པ་ན།།
ཐོ་ཡོར་འདྲ་བའི་ལམ་འགྲོ་མང་པོ་ཞིག།
མདུན་དུ་བསྐྱོད་པའི་སྤོབས་སེམས་ལྷོད་པར་གྱུར།།
འགྲུལ་པ་ཁེར་རྐྱང་མདུན་ནས་མདུན་དུ་བསྐྱོད།།
སེམས་གསོའི་ནང་གཏམ་ཆིག་ལབ་ཟློ་བཞིན་ཆས།།
ཙག་རླུང་བར་མེད་ལྡང་བའི་ཤུར་སྒྲའི་ཁྲོད།།
སྒོ་ཁྱིའི་ཟུག་སྐད་རྣ་བར་ཡང་ཡང་ཐོས།།
མཚན་མོའི་སྐར་ཚོགས་གྱ་མ་གྱུར་འགྲོའི་འོག །
མགྲོན་པོ་ཁ་ཤས་འདར་མ་འདར་གྱིས་བསྐྱོད།།
རྒྱང་ན་མེ་འོད་གསལ་མ་གསལ་ཞིག་མཐོང་།།
མཐོང་ཚུལ་འཁྲུལ་སྣང་མིན་ན་དགའ་བ་ལ།།
༼ རྒྱ་ཚང་སྨོན་ལམ། ༽
