སྣང་བའི་ནམ་མཁའ་དྭངས་གསལ་ངོར།།
སྤྲོ་དགའི་ཆུ་ཁུར་འདུས་པ་ལས།།
གཡུ་འབྲུག་གླལ་བའི་ང་རོ་ལ།།
སྙན་ངག་རྨ་བྱ་ཆགས་པ་ཡིས།།
འཇོ་སྒེག་རྫོགས་པའི་གསལ་བྱེད་ཀྱི།།
རོལ་གར་བསྒྱུར་བ་བཞིན་དུ་འོང་།།
དུམ་བུར་རྒྱུ་བའི་སྤྲིན་དཀར་ནི།།
ངང་པའི་ཁྱུ་ཚོགས་རྗེས་སོང་བ།།
ཁ་བའི་རྡུལ་བརྩེགས་ངོས་ལ་སྟེ།།
བཅོས་མའི་རི་མོ་བཞིན་དུ་བཀོད།།
རབ་ཏུ་ཆགས་པ་མི་ཟད་པའི།།
ཁོ་བོ་གནས་འདིས་བསླུས་པར་ངེས།།
གྲེ་བའི་མེ་ཏོག་འདར་བ་ལས།།
སྙན་པའི་གླུ་དབྱངས་སྒྲོག་མཁས་མ།།
གྱ་གྱུར་འགྲོ་བའི་འབབ་ཆུ་དེ།།
ངལ་དུབ་ཡིད་ཀྱི་གླང་པོ་གཞོན།།
ཚ་བའི་ཞུགས་ཆེན་བསལ་བ་ནི།།
འདི་ལ་ལྷག་པར་སྐལ་བས་ཐོབ།།
གཉིད་ཀྱིས་དུབ་པའི་ལོ་འདབ་རྣམས།།
གྲོགས་ལ་འཁྱུད་པའི་གཤིས་དོར་ཏེ།།
དྲི་བཞོན་བརྩེ་བའི་སྙིམ་པ་ན།།
རྩེད་བྲོ་ལྡིང་བའི་ལུགས་དེ་བཟུང་།།
ཟིལ་ཐིག་ཕོག་པའི་ལོ་འདབ་གཞོན།།
དེ་རྗེས་གཟུང་ལ་རྒྱང་མི་རིང་།།
རྐང་འཐུང་དག་ནི་ཆར་གཞོན་གྱི།།
ཙུམ་པར་ཆགས་པའི་ངང་ཚུལ་གྱིས།།
མགོ་བོ་བཏེགས་ནས་ལྷག་པ་འདི།།
ཉི་གཞོན་མཛེས་པའི་ལང་ཚོ་ལ།།
ཆགས་པའི་པདྨ་གསར་པ་ཡིས།།
ཕྱོགས་ཀྱི་བུ་མོར་ལྟ་བར་མཚུངས།།
བཟོ་བོ་མཁས་པའི་སོར་རྩེ་ལས།།
རབ་ཏུ་སྦྲུམ་པའི་ཡིད་འོང་ཚལ།།
སྐྱེ་བོའི་རི་དྭགས་འཛིན་མཁས་ནི།།
ཁྱོད་ལས་གཉིས་པ་སུ་ཞིག་འཚོལ།།
བསྐལ་བར་མིག་དག་མ་ཟུམ་ཡང་།།
མཐོང་བས་ཡིད་ནི་ཚིམ་མ་ཡིན།།
ཡིད་ཀྱི་བཞིན་སྣོད་གསལ་བའི་ནང་།།
རི་མོར་བྲིས་པའི་པད་ཚལ་དག།
རེས་མོས་ཚུལ་དུ་ཤར་བ་ན།།
རྒྱ་མཚོའི་མངལ་ལས་ཟླ་དཀར་བཞིན།།
ཁ་ཡི་པདྨོ་དག་ལས་ནི།།
ཚིག་གི་སྦྲང་རྩི་འཐོར་བར་བྱས།།
༼ བདེན་མྱིག། ༽
