དབྱར་གསུམ་དུས་ཀྱི་ནམ་ཟླ་རྒྱང་དུ་བཞུད།།
ལྗང་མདོག་ས་ཡི་མཐའ་ལ་གྲང་རླུང་ལྡང་།།
ལྷན་ཅིག་མི་སེམས་སྨེང་བས་གདུང་ན་ཡང་།།
ཡིད་ཀྱི་ཐེམ་སྐས་ད་དུང་བརྒལ་འདོད་ཆེ།།
འདུས་པའི་པདྨ་དཀར་དམར་རིམ་བཞིན་དུ།།
ལང་ཚོ་ཡལ་ཞིང་རབ་ཏུ་སྙི་བྱེད་ཅིང་།།
ཕྱོགས་སུ་གྲང་གིས་འཁྱག་ཆུ་སིབ་སིབ་ཏུ།།
དུས་ཀྱི་སྟོན་ཟླ་སླར་ཡང་ཚེས་ན་ཡང་།།
མི་རྟག་སྒྱུ་མའི་གཤིས་སུ་བསམ་བྱས་ཏེ།།
སླད་མར་བྱ་བར་བརྩོན་པའི་ཧུར་ཐག་བཅས།།
མི་སེམས་གྲང་གིས་བཟུང་ཡང་ཡང་ནས་ཡང་།།
འདུན་པའི་ལམ་དུ་རེ་བས་སྙེག་ངེས་ཡིན།།
འདི་ན་དབྱངས་ཅན་ཟླ་བའི་མགྲིན་པ་ལས།།
འཁྲུངས་པའི་སྙན་འཇེབས་ངག་གི་རྒྱ་མཚོའི་ནོར།།
མི་ཉམས་ཕྱོགས་སུ་སྤེལ་བའི་ལས་བྱས་ཏེ།།
དུས་ཀྱི་འགྱུར་ལྡོག་ཀློང་དུ་འབད་ནས་ཡོད།།
སྟོན་གྱི་ཁངས་ཆར་ཚོད་མེད་འབབ་ན་ཡང་།།
སྟོན་དུས་གྲང་ངར་ཅི་ཙམ་ལྡང་ན་ཡང་།།
སྟོན་ཟླ་བརྒྱད་པའི་དུས་ཀྱི་འཁྱག་ཐང་ནས།།
སྟོན་མགུར་དྲན་པའི་གཞས་ཆུང་ལེན་ལ་བྲེལ།།
ཁུ་བྱུག་ཕྱོགས་སུ་བསྐྱོད་ནས་རང་ཡུལ་ལོག།
པདྨ་སད་ཀྱིས་བཅོམ་ནས་མཐར་བྱེད་ཅིང་།།
བདག་ནི་སླར་ཡང་རེ་བའི་གཞུང་ལམ་ནས།།
གཞན་དུ་ལོག་མེད་མཐར་ཐུག་རེ་བའི་ཆེད།།
མི་ཚོགས་རང་རང་ལས་ཀར་འབད་བཞིན་དུ།།
ངེས་མེད་ཡུལ་དུ་ལོག་པ་ཆོས་ཉིད་དེ།།
ཡིན་ཡང་བདག་ནི་ལམ་ཆུང་འདི་ག་ནས།།
ནམ་ཡང་གཟུར་བའི་བསམ་མནོ་ཡོད་མ་གྱུར།།
དུས་ཀྱི་ནམ་ཟླ་རིམ་བཞིན་རྫོགས་ན་ཡང་།།
ཚེ་ཡི་མར་མེ་ཡུན་གྱིས་སད་ན་ཡང་།།
གདེག་དཀའ་རེ་བའི་སེམས་པ་ད་དུང་ཡང་།།
ཞུམ་པའི་ཚོད་ཅིག་མ་རེད་མདུན་དུ་སྐྱོད།།
༼ ཁམས་ཟླ་སྲས། ༽
