མཚམས་སྤྲིན་རླུང་གིས་གཡོ་བའི་ཟློས་གར་གྱིས།།
བདེ་སྡུག་མི་བརྟན་འཁོར་བ་ངུར་སྨིག་བསྒྱུར།།
བསིལ་རླུང་ངར་ཁ་རྒོད་པའི་སྲོད་གཞུང་ལས།།
གོས་སྣེ་མཁའ་ལ་བསྐྱོད་ཅིང་ལམ་ལ་ཆས།།
སེམས་ཀྱི་གཏིང་རུམ་སྦས་པའི་དྲན་པ་ཀུན།།
སིལ་སིལ་དབྱངས་ལ་སྦྱར་ནས་གྱེར་བ་ན།།
སྐྱེ་བ་སུམ་བརྒྱ་དྲུག་ཅུའི་ལས་འཕྲོ་ཞིག།
སྒྱུ་མའི་མཁར་གྲོང་ཀློང་ནས་སེམས་སུ་ཚེས།།
མིག་ནི་མ་གཡོ་མི་མངོན་རྒྱང་ལ་བལྟས།།
མི་སྡོད་གཙང་པོ་དལ་བུར་རིང་དུ་བཞུར།།
སྟོན་མཇུག་སྨེང་བའི་སྨུག་ཞགས་མག་མོག་ཁྲོད།།
ཁེར་རྐྱང་གྲིབ་མ་ནག་པོ་གང་དུ་ཕྱོགས།།
སུས་ཤིག་སྐྱེ་འཆི་གཏམ་རྒྱུད་རིང་པོ་ནས།།
སེམས་ཀྱི་ལག་ཟུང་བསྲིངས་ནས་བྱིལ་བྱིལ་གྱིས།།
གནམ་མཐའི་སྐར་མའི་འོད་ཀྱི་རྫིང་བུའི་ངོས།།
ཕལ་བའི་མི་རབས་ཤིག་གི་ལས་དབང་མཐོང་།།
ལམ་གྱི་གཡས་གཡོན་ཁུར་བའི་སྡོང་ལོ་ཡིས།།
འཛིན་མའི་ཁ་དོག་བསྒྱུར་ཅིང་གཡོ་བ་ན།།
གྲང་ངར་སྡིག་པའི་ལག་ཟུང་ཚུར་བསྲིངས་ནས།།
ལུས་སེམས་ཚོར་བའི་མེ་ལོང་འདར་འདར་བྱས།།
༼ སྨྱུ་གུ་ཕྲ་མོ། ༽
