ནམ་ཟླ་འདི་མྱུར་བར་འགྲོས་སོང་།
མིག་ཟུང་བཙུམ་ཙམ་གྱིས། སྟོན་ཁ་འདི་བསླེབས་ཟིན།
ང་ནི་འཁྱམ་སྐྱོད་ལ་རོལ་ཅིང་།
ཁེར་རྐྱང་གི་ལོ་ཟླ་རིམ་བཞིན་སྐྱེལ་ཡོད།
སྟོན་ཁའི་བསིལ་རླུང་ལྡང་ཐེངས་མང་བས།
སྟོན་ཁའི་ལོ་མ་སེར་ཆེན་ལྷབ་ལྷུབ་སྤུར་ཏེ།
ཡིད་འོང་འདབ་ལོ་མང་པོ།
མདུན་ལ་གདན་དུ་བཏིང་འདུག།
ངས་ནི་བརྗོད་བྲལ་གྱི་ཚོར་བ་མང་པོ་ཞིག།
སྟོན་ཁའི་ལོ་འདབ་ཏུ་བྲིས་ཏེ།
གཙང་ཆུའི་རླབས་རིས་ངོས་སུ་བསྐུར་ཡོད།
འདི་ཡང་ངའི་གཤིས་ཀ་ཞིག་ཡིན་ལོས་ཆོག།
སྟོན་ཁ་ནི་ཚོར་བས་སྦྲུམ་པའི་དུས་ཤིག་ཡིན་ལ།
ང་ལ་མཚོན་ན། སྙན་ངག་འབྲི་བའི་ནམ་ཟླ་ཞིག་ཡིན།
སྟོན་ཁ་འདིའི་སྐབས་སུ། ངས་ནི་ལས་དོན་ལ་མ་གཡེང་པར།
ལག་དང་སྨྱུ་གུ་འགྲོགས་ནས་སྙན་ངག་འབྲི་བཞིན་ཡོད།
སྟོན་ཁ་འདི་གློ་བུར་ཐོན་དུས།
ངས་ཚོར་ཡོང་བ་གཅིག་ནི། ངའི་ན་ཚོད་འདི་དག།
ག་ལེར་ཡོལ་བཞིན་པ་མཐོང་ཡོང་གིན་འདུག།
འདིའི་སྐབས་སུ། ངས་ལྷག་པར་སྙན་ངག་འབྲི་འདོད་སྐྱེ།
སེམས་འདི་སྙན་ངག་དང་འདྲེས་ནས་སྨྱོ་ལ་ཁད།
༼ སྙན་རྐང་གླིང་། ༽
