国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ད་ལོའི་ཟླ་བ་སྔོན་མ8ཀྱི་རིང་ལ་རྒྱལ་ཡོངས་ལྕགས་ལམ་དུ་འགྲུལ་པ་དུང་ཕྱུར33.2སྐྱེལ་འདྲེན་བྱས།

ཉེ་ཆར།གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དང་པོ་ནས8པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་འགྲུལ་པ་དུང་ཕྱུར33.2སྐྱེལ་འདྲེན་བྱས་ཏེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ3.9འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཟིན་ཐོ་གསར་པ་གཏོད་པ་དང་།རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་སྐྱེལ་འདྲེན་ཉེན་མེད་བརྟན་ལ་གོ་རིམ་ལྡན་པ་རེད།

ད་ལོ་ནས་བཟུང་ལྕགས་ཟམ་སྡེ་ཚན་གྱིས་མྱུར་འགྲོས་ལྕགས་ལམ་དང་དཀྱུས་འགྲོས་ལྕགས་ལམ་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་པ་དང་།རྒྱལ་ཡོངས་ལྕགས་ལམ་ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར11508བཀོད་སྒྲིག་བྱས་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.0འཕར་ཡོད། རྒྱལ་མཚམས་བརྒལ་བའི་འགྲུལ་སྐྱེལ་སྒྲིག་འཛུགས་ཐད་ཀོང་ཀྲོའུ་དང་ཧྲེན་ཀྲེན།ཞང་ཀང་བཅས་ཀྱི་མྱུར་འགྲོས་ལྕགས་ལམ་དུ་རྒྱལ་མཚམས་བརྒལ་བའི་འགྲུལ་པ་ཁྲི2340.8སྐྱེལ་འདྲེན་བྱས་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ10.7འཕར་ཡོད། ཀྲུང་གོ་དང་ལ་ཝོ་སི་ལྕགས་ལམ་དུ་རྒྱལ་མཚམས་བརྒལ་བའི་འགྲུལ་པ་ཁྲི24.5སྐྱེལ་འདྲེན་བྱས་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ39.1འཕར་ཡོད། དེ་དང་ཆབས་ཅིག་ལྕགས་ལམ་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་ས་མཚམས་བརྒལ་བའི་ཐོངས་མཆན་མི་སྤྲོད་པའི་སྲིད་ཇུས་ལས་བྱུང་བའི་འགྲུལ་རྒྱུན་མང་དུ་ཕྱིན་ཏེ། ཕྱི་རྒྱལ་གྱི་རྒྱལ་ཁོངས་འགྲུལ་པ་ཕྱིར་སྐྱོད་བྱེད་པར་སྟབས་བདེ་བསྐྲུན་པ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་དུ་ཕྱི་རྒྱལ་གྱི་རྒྱལ་ཁོངས་འགྲུལ་པ་ཁྲི1668.3སྐྱེལ་འདྲེན་བྱས་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ33.3འཕར་ཡོད།

གཞན་ཡང་ལྕགས་ལམ་སྡེ་ཚན་གྱིས་ས་གནས་ཁག་གི་རིག་གནས་ཡུལ་སྐོར་སྡེ་ཚན་དང་འབྲེལ་མཐུད་བྱས་ཏེ། ཡུལ་སྐོར་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ནས་འགྲུལ་པ་ལ་སྣ་མང་ཅན་གྱི་འགྲོ་སྐྱོད་གདམ་ག་དང་སྤུས་ཚད་མཐོན་པོའི་ཡུལ་སྐོར་མྱོང་རོལ་མཁོ་འདོན་བྱས་ཏེ་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ནུས་ལྡན་བྱས་ཡོད། སྤྱི་ཟླ་དང་པོ་ནས8པའི་བར་རྒྱལ་ཡོངས་ལྕགས་ལམ་དུ་རིམ་རྩིས་བྱས་ན་ཡུལ་སྐོར་མེ་འཁོར2501བཏང་བ་དང་།དེ་ལས་ཡུལ་སྐོར་ཆེད་སྤྱོད་མེ་འཁོར1387དང་ཡུལ་སྐོར་ཆེད་གཏོང་མེ་འཁོར1114ཡོད་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)