དཀར་མཛེས་ཀྱི་དམངས་ཁྲོད་ཚོན་རིས་སྒྱུ་རྩལ་ནི་ལོ་ངོ་སྟོང་གི་རིང་ལ་དར་ཁྱབ་བྱུང་བའི་བོད་ལུགས་བཟོ་སྐྲུན་སྒྱུ་རྩལ་གྱི་མཆོག་ནོར་ཞིག་ཡིན་ཞིང་། དེ་ལས་གུ་གེ་རྒྱལ་རབས་ཀྱི་ལྡེབས་རིས་དང་བོད་ཀྱི་སྲོལ་རྒྱུན་རི་མོའི་སྙིང་བཅུད་བཅས་འདྲེས་ཡོད་ལ། ཁམས་ཀྱི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་ཀྱི་དང་བ་སོགས་ཀྱང་འདུས་ཡོད། དཀར་མཛེས་རྫོང་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཚོན་རིས་ཚད་ཡོད་སྤྱི་གཉེར་ཁང་གི་འགོ་འཛིན་པ་བློ་བཟང་དངོས་གྲུབ་ནི་སྲོལ་རྒྱུན་ལག་རྩལ་གྱི་སྲུང་སྐྱོབ་པ་དང་དེང་རབས་ལག་ཤེས་ཀྱི་གསར་གཏོད་པ་ཞིག་རེད། 1986ལོར་བློ་བཟང་དངོས་གྲུབ་ཁམས་དཀར་མཛེས་ནས་སྐྱེས་ཤིང་། རང་ལོ15ལ་སླེབས་པ་ནས་དགེ་རྒན་བཟང་པོར་བསྟེན་ཏེ་ཤིང་ཚོན་ལག་རྩལ་ལ་སྙིང་རུས་ཆེར་བསྐྱེད་ཀྱིས་སྦྱངས་བརྩོན་ལྷོད་མེད་བྱས་པ་དང་། ད་ཆ་དཀར་མཛེས་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་དང་། དཀར་མཛེས་ཁུལ་གཟུགས་མེད་རིག་གནས་ཤུལ་བཞག་གི་དམངས་ཁྲོད་ཚོན་རིས་བརྒྱུད་འཛིན་པ། སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་གི་དམངས་ཁྲོད་ཚོན་རིས་བརྒྱུད་འཛིན་པ་བཅས་ཡིན་ཞིང་། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སོར་རྩེའི་གར་སྟབས་བརྟན་པོས་ཚོན་རིས་སྒྱུ་རྩལ་དེ་ཉིད་དུས་རབས་གསར་པར་གསོན་ཤུགས་རྒྱས་ཤིང་གོང་དུ་སྤེལ་བར་འབད་པ་ལྷོད་མེད་བྱེད་བཞིན་ཡོད་པ་རེད།
དཀར་མཛེས་ཀྱི་ཚོན་རིས་ནི་གཙོ་བོ་བཟོ་སྐྲུན་སྐོར་གྱི་ཚོན་རིས་ལ་ངོས་བཟུང་ཞིང་། ཁང་པའི་ནང་ལོགས་དང་ཕྱི་ལོགས་ཀྱི་ཚོན་རིས་གཉིས་སུ་དབྱེ་བ་སྟེ། དཀར་མཛེས་ཁུལ་དང་རྔ་བ་ཁུལ། མཚོ་སྔོན་མགོ་ལོག་སོགས་བོད་འབྲེལ་ས་ཁུལ་དུ་དར་ཁྱབ་ཆེ་བ་དང་། ཆུང་བ་ཡུལ་མིའི་སྡོད་ཁང་གི་སྒོ་དང་སྐར་ཁུང་། ནང་ལོགས་མཛེས་བཟོ་སོགས་བཀྲ་ཤིས་པའི་རི་མོ་སྣ་ཚོགས་དང་། ཆེ་བ་དགོན་སྡེའི་འདུ་ཁང་ཆེན་མོ་སོགས་བརྗིད་ཅིང་མཛེས་སྡུག་རྣམ་པར་བཀྲ་བའི་ཀ་མགོ་དང་ལྡེབས་རིས་སོགས་ཡིན་ནོ།།
ལོ་ན་ཆུང་བའི་སྐབས་ཀྱི་བློ་བཟང་དངོས་གྲུབ་ལ་བརྗིད་ཆགས་ཉམས་དགའ་བའི་མཛེས་སྡུག་ཚོན་རིས་སྣ་ཚོགས་ཀྱིས་ཡིད་དབང་རབ་ཏུ་བཀུག་སྟེ་ལོ་བཅོ་ལྔ་ཙམ་ནས་དགེ་རྒན་བསྟེན་ཏེ་སྲོལ་རྒྱུན་ཤིང་ཚོན་རི་མོའི་འབྲི་ཐབས་སློབ་སྦྱོང་བྱས་ནས་རྡོ་ཚོན་དབྱེ་འབྱེད་དང་།ཐིག་རིས་འབྲི་བཀོད་སོགས་རེ་རེ་བཞིན་ཡང་ནས་བསྐྱར་དུ་བསླབས་ཤིང་སྦྱངས་པས་ཚོན་རིས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད། ཚོན་རིས་སྒྱུ་རྩལ་གྱི་སློབ་སྦྱོང་ལམ་བུར་ཁོ་རང་སྔ་རྗེས་སུ་ས་ཆ་མང་པོར་བསྐྱོད་དེ་ལྷ་སའི་ཕྱོགས་ཀྱི་རི་མོའི་བྲིས་རྒྱུན་དང་གུ་གེ་རྒྱལ་རབས་ཀྱི་ལྡེབས་རིས་སོགས་དཀར་མཛེས་ཕྱོགས་ཀྱི་སྲོལ་རྒྱུན་རི་མོ་དང་མཉམ་འདྲེས་སློབ་སྦྱོང་བྱས་ཏེ་གནའ་ཉམས་དོད་ལ་དེང་རབས་ཀྱི་ནང་དོན་གསར་པ་ལྡན་པའི་ཐུན་མོང་མ་ཡིན་པའི་ཚོན་རིས་འབྲི་རྩལ་གྱི་བརྒྱུད་འཛིན་ལམ་བུ་གསར་པ་ཞིག་བཏོད་པ་རེད།
ཚོན་རིས་ཀྱི་བརྩམས་ཆོས་རེ་རེ་ལས་སྒྱུ་རྩལ་གྱི་རྣམ་པ་རྔམས་ཤིང་མཐུག་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ཞིང་། 2014ལོར་བློ་བཟང་དངོས་གྲུབ་ཀྱིས་སྣེ་ཁྲིད་པའི་དཀར་མཛེས་ཚོན་རིས་ཚོགས་པ་རྔ་བ་སྒོ་མང་དགོན་གྱི་ལྷ་ཁང་ཚོན་རིས་ལས་ཀར་ཞུགས་པ་དང་། འཛུགས་སྐྲུན་དེར་འཛམ་གླིང་གི་ཅི་ཉི་སིའི་ཟིན་ཐོ་ཆེན་པོ་གཉིས་ཐོབ་པ་ལས“ཀྲུང་གོའི་ཆེས་ཆེ་བའི་ལྷ་ཁང་འཛུགས་སྐྲུན”གྱི་ཚོན་རིས་སྤུས་ལེགས་དེ་དཀར་མཛེས་ཚོན་རིས་ཚོགས་པའི་ལག་རྩལ་ཡིན་པས་དཀར་མཛེས་ཚོན་རིས་ཀྱི་སྙན་གྲགས་གང་སར་ཁྱབ་པ་རེད།དེ་རྗེས་ལོ་བཅུ་ལྷག་གི་རིང་ལ་ཁོས་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ས་ཆ་མང་པོར་བསྐྱོད་དེ་མི་རྣམས་ཀྱིས་ཧ་ལས་ཤིང་བསྟོད་པའི་མཐེ་མོང་བསྒྲེངས་པ་དང་། སྒྱུ་རྩལ་གྱི་མཛེས་སྡུག་འབུམ་གྱིས་ཕྱུག་པ་ལས་དཀར་མཛེས་ཚོན་རིས་སྒྱུ་རྩལ་གྱི་ཁྱད་ཆོས་དང་ལག་རྩལ་མངོན་པར་ཐོན་ཞིང་། 2022ལོའི་ཟླ་བ3པའི་ཚེས24ཉིན《དཀར་མཛེས་ཚོན་རིས། ལོ་ངོ་སྟོང་གི་ལག་རྩལ་ཐོན་ལས》ཞེས་པ་སི་ཁྲོན་ཉིན་རེའི་ཚགས་པར་ཐོག་བཀོད་པས་མི་དེ་བས་མང་པོས་མཐོ་སྒང་གི་ལག་ཤེས་སྒྱུ་རྩལ་དེའི་ཐུན་མིན་གྱི་ཁྱད་ཆོས་དང་གསོན་ཤུགས་མཐོང་བ་རེད།
བོད་ཀྱི་དམངས་ཁྲོད་ཚོན་རིས་དེ་སི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་དྲུག་པའི་མིང་ཐོར་ཚུད་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན་ཡག་པོ་བྱ་རྒྱུ་ནི་བློ་བཟང་དངོས་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བའི་བྱ་བ་ཞིག་རེད། 2019ལོར་བློ་བཟང་དངོས་གྲུབ་ཀྱིས་དཀར་མཛེས་རྫོང་གསེར་ཆུ་སྟེང་ཡུལ་ཤོག་འབུ་ཆུ་གྲོང་ཚོར་ཚོན་རིས་བཟོ་ཁང་བཙུགས་ཏེ་སྲོལ་རྒྱུན་གྱི་ཚོན་རིས་ལག་རྩལ་དང་དེང་རབས་ཇུས་འགོད་ཟུང་དུ་སྦྲེལ་ནས་བོད་ཀྱི་གནའ་བོའི་ཁྱིམ་ཆས་དང་ཚོན་རིས་རིག་གནས་གསར་གཏོད་སོགས་ཀྱི་ཐོན་རྫས་གསར་སྤེལ་བྱས་པ་དང་།ཐོན་རྫས་དེ་དག་བོད་ལྗོངས་ཆབ་མདོ་དང་མཚོ་སྔོན་སོགས་སུ་ཕྱིར་འཚོང་བྱས་པར་མ་ཟད། དྲྭ་ཐོག་ལས་སྟེགས་བརྒྱུད་ནས་མི་རིགས་ཀྱི་བཟོ་རྩལ་ཁྱབ་གདལ་བཏང་བ་རེད།
བརྒྱུད་འཛིན་ནི་རི་མོ་ཡག་པོ་ཙམ་བྲིས་ཤེས་པས་མི་ཆོག་ལ། ལག་ཤེས་སྒྱུ་རྩལ་གྱི་རྒྱུན་བསྲིངས་ཐུབ་པ་དང་། ས་ཕྱོགས་གང་དེ་ལ་ཕན་ཐོགས་ཤིང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱ་ཐུབ་པ་ཞིག་ཡིན་དགོས་ཏེ། 2022ལོར་བློ་བཟང་དངོས་གྲུབ་ཀྱིས་དཀར་མཛེས་རྫོང་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཚོན་རིས་ཚད་ཡོད་སྤྱི་གཉེར་ཁང་དངོས་སུ་བཙུགས་ཤིང་། བོད་ཁང་ཕྱི་ནང་གི་ཚོན་རིས་ཇུས་འགོད་དང་། ཐང་ག་འབྲི་སྦྱོང་། ཚོན་རིས་སྒྱུ་རྩལ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་འཚོང་བཅས་དང་། གསར་རྩོམ་དང་བརྒྱུད་སྦྱོང་། ཐོན་ལས་ཅན་བཅས་གཞི་གཅིག་ཏུ་འདུས་པའི་སྟེགས་བུ་ཞིག་བསྐྲུན་པ་རེད། ཁོས་ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ཡག་ཤོས་ནི་གསོན་ཉམས་ལྡན་པའི་བརྒྱུད་འཛིན་ཡིན་པ་དང་།རྒྱུན་མཐུད་ཡག་ཤོས་ནི་མི་ནས་མིར་མཐུད་དེ་ལག་རྩལ་རྒྱུན་མི་ཆད་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ལོ་ངོ་མང་པོའི་རིང་ལ་བློ་བཟང་དངོས་གྲུབ་ཀྱིས་སློབ་མ་བསྡུ་བ་དང་ལས་ཀར་བརྟེན་ནས་གསོ་སྦྱོང་བྱ་བ་མཐའ་འཁྱོངས་ཏེ་མི་བརྒྱ་ལ་ཉེ་བ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ་དང་། ཐང་ག་དང་ཚོན་རིས་ལ་མཁས་པའི་ན་གཞོན་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་པ་རེད།
དུས་རབས་གསར་པའི་ཁམས་ཀྱི་ལག་རྩལ་མཁས་ཅན་ཞིག་ཡིན་པའི་ཆ་ནས་བློ་བཟང་དངོས་གྲུབ་ཀྱིས་རང་གི་ལག་ཤེས་ལ་བརྟེན་ཏེ་ཐོག་མའི་བསམ་འདུན་བརྟན་སྲུང་དང་།གསར་གཏོད་ལ་བརྟེན་ནས་རིག་གནས་ཀྱི་རྒྱུན་བསྐྱངས་ཏེ་དཀར་མཛེས་ཚོན་རིས་བརྒྱུད་འཛིན་དང་མི་རིགས་རིག་གནས་བརྒྱུད་སྤེལ་ལ་འབད་པ་ཧུར་གྱིས་གཞོལ་བཞིན་ཡོད། ཁོའི་སྣེ་ཁྲིད་འོག་མཐོ་སྒང་གི་ན་གཞོན་མང་པོས་སོར་རྩེའི་སྨྱུ་གུ་ལ་བརྟེན་ནས་ལོ་ངོ་སྟོང་གི་དཀར་མཛེས་ཚོན་རིས་སྒྱུ་རྩལ་མི་རབས་ནས་མི་རབས་བར་རྒྱུན་བསྐྱངས་པ་དང་།ཡུལ་སྡེ་དར་རྒྱས་དང་རིག་གནས་བརྒྱུད་འཛིན་གྱི་ལམ་བུར་དེ་བས་བཀྲག་མདངས་འཚེར་བའི་མཐོ་སྒང་གི་མཛེས་རིས་ཤིག་བྲིས་དང་འབྲི་བཞིན་ཡོད་པ་རེད།།
(མཁས་གྲུབ་ནོར་བུས་བྲིས་ཤིང་པར་བླངས།)
