(《ཁམས་པའི་འཛུམ་མདངས།》སྤྱིའི་འདོན་ཐེངས་ལྔ་བརྒྱ་ཉེར་བདུན་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)
ཁང་པ་ལས་བྱེད་ཀྱི་རྒྱུ་ཆ་ལ་མཐོ་སྒང་ཡུལ་དུ་རང་བྱུང་ངང་ཚ་གྲང་འགོག་པའི་ནུས་པ་ཆེ་ཤོས་ནི་གྱང་དང་། དེ་ནས་རིམ་བཞིན་ཤིང་དང་། རྡོ་རྩིག། ཤེལ། ལྕགས་རྣམས་ཡིན། གྱང་དང་ཤིང་གིས་བཟོས་པས་ནམ་ཟླ་ཚ་བ་ཆེ་དུས་ནང་ལ་བསིལ་ཞིང་ནམ་ཟླ་གྲང་དུས་ནང་དུ་དྲོ་བ་དང་། མིའི་ལུས་ལ་མི་གནོད་པ། བཟོ་སྐྲུན་རྒྱུ་ཆ་ཚང་མ་རང་སར་འཛོམས་པ་སོགས་ཀྱི་དགེ་མཚན་ལྡན། ཁང་པ་ཕལ་ཆེར་ཕྱི་ཁོག་གི་རྒྱབ་ཕྱོགས་དང་གཡས་གཡོན་གསུམ་གར་གྱང་ངམ་ཡང་ན་རྡོ་རྩིག་ཡིན་ཞིང་མདུན་ངོས་སུ་ཆ་རྐྱེན་འཛོམས་པས་ཤིང་གིས་པ་ཊ་སོགས་རི་མོ་སྣ་ཚོགས་བཏོད་པའི་ཆོད་ཀྱི་ཐོག་ཏུ་སྒོ་ཡོལ་དཀར་པོ་མཐའ་ཤན་ཅན་རྒྱག་པའམ་ཤེལ་སྒོ་སྤྲད་པ་དང་། མཐུན་རྐྱེན་མ་བྱུང་བས་ཀ་བ་གཉིས་ཀྱི་བར་དུ་ཤིང་གི་བར་རྟ་ལ་གླང་མ་ཕྲ་མོ་བསླས་པའི་ཐོག་ཏུ་ཞལ་ལ་འཇམ་པོ་བརྒྱབ་ཏེ་ཚོན་གྱིས་སྟོད་སྨད་ཕྱེ་ཡོད། ཞིང་པས་ཁང་པ་ཤེལ་སྒོ་སྤྲོད་པ་ནི་ཕལ་ཆེར་བཅིངས་འགྲོལ་གཏོང་མ་གཏང་ཡན་མན་ལ་འགོ་བཙུགས་ཤིང་བཅོས་སྒྱུར་སྒོ་འབྱེད་རྗེས་སུ་ཀུན་ཏུ་དར་བ་ཞིག་སྟེ་སྔ་མའི་ཁང་པ་ལ་ཤིན་ཏུ་མཐོང་དཀོན། སྔོན་ཆད་འཕྲུལ་ཆས་མེད་པས་ཤིང་ཆ་ཚང་མ་ཟོག་དང་མིས་ལ་ལུང་བརྒྱུད་ནས་བསྐྱ་དགོས་པས་ཀ་གདུང་ལྕམ་རྣམས་མི་ཕྱུགས་གཉིས་ཀྱི་ལྕོགས་ཚད་ལས་ཆེན་པོ་མེད་ལ། ཁང་པ་ཆེ་ཆུང་མེད་པར་གདུང་མ་ཕལ་ཆེར་ཁུར་བདེ་ཕྱིར་གྲུ་བཞི་ལེབ་མོར་བཞོག་ཅིང་ལེབ་ངོས་གྱེན་དུ་བསླངས་ཏེ་ལྷུ་སྒྲིག་ཡོད། བླ་ཁག་དགོན་ཁག་དང་དཔོན་པོ་ལྟ་བུ་ཆ་རྐྱེན་འཛོམས་པ་དག་ལ་བང་ཁང་དང་། པད་མ་དང་འབུར་ཚག་བརྐོས་པ། སྣེ་སྐེ་གཉིས་བརྩེགས་བྱེད་པ་སོགས་ཡོད་ཀྱང་ཡུལ་མི་ཕལ་མོ་ཆེས་ཁྱིམ་དུ་སྐུ་གསུང་ཐུགས་ཀྱི་རྟེན་ངེས་ཅན་མེད་ན་མིའི་བསོད་ནམས་འཛད་སྲིད་ཅེས་སྣེ་སྐེ་ཡང་གཉིས་སུ་མི་བརྩེག་བར་མ་ཟད། ཁང་པ་ནང་གི་སྒྲིག་ཆས་ཀྱང་སྟབས་བདེར་བྱས་པ་ཡིན། ཁང་པའི་བཟོ་ལྟ་ལ། སྤྱི་ན་ཁང་པ་ཐམས་ཅད་གཡས་གཡོན་གྱི་དཀྱུས་རིང་ཞིང་རྒྱབ་མདུན་གྱི་རྒྱང་ཐུང་ངུར་བཟོས་ཡོད་ཅིང་། དེས་ཁང་མིག་ཡོངས་རྫོགས་དྲོ་པོར་ཡོད་པ་དང་འོད་གསལ་བ་ལ་ཤིན་ཏུ་ཕན། གལ་ཏེ་ཕར་ཚུར་དཀྱུས་ཐུང་ཞིང་སྔུན་རྒྱབ་ཕུགས་རིང་ན་སྦུག་གི་ཁང་མིག་རྣམས་ལྷག་པར་འཁྱགས་པས་ས་ཆ་ཤིན་ཏུ་དྲོ་ས་ལས་མཐོ་སྒང་ཡུལ་དུ་སྐྱོན་མང་པོ་འབྱུང་། སྒོས་སུ་འོག་བརྩེགས་གྲུ་བཞི་དང་ཐོག་བརྩེགས་ཕྱོགས་བཞིར་འགེབས་ཏེ་དཀྱིལ་དུ་གནམ་མཐོངས་བཞག་པ་དང་། སེངྒེའི་ཁ་ཞེས་མཐའ་ཕྱོགས་གསུམ་དུ་འགེབས་ནས་མདུན་ཕྱོགས་སུ་བར་སྟོང་བཞག་པ་དང་། རྒྱབ་ཕྱོགས་དང་གཡས་གཡོན་གཉིས་ལས་གང་རུང་ཕྱོགས་གཅིག་འགེབས་ཏེ་མདུན་ཕྱོགས་དང་གཡས་གཡོན་གྱི་ཕྱོགས་གཞན་ཞིག་གཉིས་མ་འགེབས་པར་ཁེབས་ཐོག་བཞག་པ་སོགས་མི་འདྲ་བར་ཡོད། དུད་ཚང་དཀྱུས་མ་རྣམས་ཀྱི་ཁང་པའི་མཐོ་ཚད་ལ་ཕལ་ཆེར་ཉིས་བརྩེགས་ཅན་ཏེ་ཁང་ཞབས་ལ་ཕྱུགས་ཟོག་དང་ཁང་སྟེང་མི་འདུག་སར་བྱས། དུད་ཚང་ལ་ལས་དེའི་ཐོག་ཏུ་ལྡིང་ཁང་ཞེས་རྩྭ་སོག་དང་ལྕི་བ་ལོ་ཏོག་སོགས་གཞག་སའི་ཀ་མིག་འགའ་རེ་ལ་ལ་ལས་འབྲུ་རིགས་རླུང་ལ་འཕྱར་སའི་རླུང་སྒོ་ཡང་ཡོད་པ་དང་ཆ་རྐྱེན་མ་ཚང་བ་ལ་ཞབས་བརྩེགས་ཞེས་བརྩེགས་གཅིག་ལས་མེད་པའང་ཡོད། ཁང་པ་གསར་པ་ལས་དུས་ཕྱི་ནས་ནང་དང་འོག་ནས་ཐོག་ལྟར་སྔ་ཕྱི་གོ་རིམ་དེད་པ་སྟེ། དེ་ཡང་ཐོག་མ་མི་ཁ་རྒན་བསམ་ཡོད་དང་ཤེས་ཡོན་མཁས་པས་དངོས་སུ་བལྟས་ཤིང་རྩིས་གཞུང་དང་མོ་ལུགས་དག་གིས་དཔགས་པ་སོགས་ཀྱིས་ལེགས་པར་བརྟགས་ནས་གོང་བརྗོད་པའི་ཁོར་ཡུག་གི་མཐུན་རྐྱེན་ཕལ་ཆེར་འཛོམས་ཤིང་འགལ་རྐྱེན་ཉུང་བའི་གནས་ཤིག་བཙལ། དམ་པའི་ཆོས་དང་ཡུལ་གྱི་སྲོལ་ལ་གནས་པའི་སྔོན་འགྲོའི་ཆོ་ག་རྣམས་ལེགས་པར་བྱས། དེ་ནས་ཁང་པ་ཆེ་ཆུང་དུད་ཚང་གི་འཁོས་ཀ་ལྟར་གཏན་འཁེལ་བྱས་ཏེ་ཁང་ཐིག་བཏབ། ཐིག་ལྟར་དོང་བརྐོས་པར་རྡོ་རྩིག་ས་ངོས་ནས་གྲུ་གང་ཡན་མན་འབུར་པར་བརྩིགས་ཏེ་རྨང་རྡོ་འཕངས། རྨང་རྡོ་བསྐམས་པའི་ཐོག་ཏུ་ས་ཡིས་གྱང་བརྩེགས་གཅིག་བརྡུངས་པའམ་མུ་མཐུད་དུ་རྡོ་བརྩེགས་གཅིག་བརྩིགས་ནས་ཤིང་གིས་འགེབས་ཏེ་ཁང་བརྩེགས་དང་པོ་གྲུབ། དེ་ནས་སླར་ཡང་གྱང་བརྡུངས་པའམ་རྡོ་བརྩིགས་ནས་ཤིང་གིས་འགེབས་ཏེ་ཐོག་བརྩེགས་ལས་པ་ཡིན། གྱང་དཔོན་མཁས་པ་རྣམས་ཀྱིས་ཁང་པའི་ཕྱི་ཁོག་གི་རྡོ་རྩིག་དང་གྱང་ལ་སྲ་བརྟན་ཆེད་དུ་དམའ་སའི་རྨང་རྡོ་ནས་མཐོ་སའི་གྱང་སོའི་བར་དུ་རིམ་བཞིན་ནང་ངོས་དྲང་ཐད་དང་ཕྱིའི་ངོས་ནང་ལ་གསེག་པ་ལྟར་ཁ་རྒྱ་ཇེ་ཆུང་དུ་བསྐུམས་ཡོད་ལ། ཁྱད་པར་དུ་ཆུ་བོ་དང་། ལུང་པ། གད་ཁ། ས་སྟོང་རྒྱ་ཆེན་པོ། ནགས་ཚལ་སོགས་ཡོད་པའི་ཕྱོགས་ཀྱི་གྱང་གི་ཕྱི་ངོས་ནི་ནང་དུ་གསེག་ཆེ་བ་ལྟ་བུར་བྱས་ཡོད། དེ་ནི་ཆུ་སོགས་ཀྱིས་གྱང་དང་རྩིག་པ་འཐེན་པས་རྨང་ནས་ཁའི་བར་དུ་ཁ་རྒྱ་ཆེ་ཆུང་འདྲ་བའི་ཐད་ཀར་བརྡུངས་ན་ལོ་ཟླ་འཁོར་བའི་དུས་ཡུན་རིང་པོའི་རྗེས་སུ་ཕྱི་ཕྱོགས་སུ་ཡོ་དང་ལོག་པ་སྔོན་འགོག་བྱས་པ་དང་ཐོག་བརྩེགས་རིམ་པ་འགེབས་སྐབས་འོག་གི་རྡོ་རྩིག་ལ་གནོན་ཤུགས་ཆུང་དུ་གཏོང་བ་དག་གི་ཆེད་དུ་ཡིན་ཟེར། ཐབས་དེ་ལ་བོད་པའི་བཟོ་གཞུང་འགའ་ཞིག་ན་འཐེན་ཞེས་བོད་ཀྱི་དམིགས་བསལ་བའི་བཟོ་སྐྲུན་ཁྱད་ཆོས་ཤིག་ཡིན་པར་ཡང་བརྗོད་ཡོད། མ་ཎི་སོགས་ཡི་གེ་བརྐོས་པའི་རྡོ་དང་། སྐུ་འདྲ་བརྐོས་པའི་རྡོ། མཆིག་རྡོ། ལྷ་ཁང་དང་དགོན་པ་བཤིག་པའི་ས་རྡོ་དང་ཤིང་ཆ་རྣམས་སྒེར་གྱི་ཁང་པའི་རྩིག་པ་དང་རྒྱུ་ཆར་བཏང་བ་ནི་ཧ་ཅང་མི་རུང་བར་བརྩིས་ཏེ་ཤིན་ཏུ་འཛེམས། ནང་ལོགས་སུ་འོག་བརྩེགས་དང་ཐོག་བརྩེགས་གཉིས་ལས་སྟངས་ཅུང་མི་འདྲ་བར་ཡོད་པ་སྟེ། བརྩེགས་དང་པོ་ལ་ས་རུ་ཀ་རྡོ། དེའི་ཐོག་ཏུ་ཀ་ཐུང་། དེའི་སྟེང་དུ་ཀ་མགོ། དེའི་སྟེང་ལ་གདུང་མ། དེའི་སྟེང་དུ་ལྕམ། དེའི་ཐོག་ཏུ་གོ་དཀར་ཞེས་ཤིང་སྡོང་བཤགས་པའམ་གོ་ནག་ཅེས་གླང་ཤིང་ཉ་གཞིབ་གཞིབ་བྱས་པའི་དྲལ་མ། དེའི་སྟེང་ས་ཚགས་ཞེས་སུ་རུ་སོགས་རྩི་ཤིང་འཕྲེད་དུ་བསྣོལ་ནས་བཀྲམ། དེའི་ཐོག་ཏུ་ནག་ལེབ་ཅེས་འདམ་བག་དང་དཀར་ལེབ་ཅེས་ས་ཞིབ་བཀྲམ། དེའི་ཐོག་ཏུ་དབྱིས་སྐུད་ཅེས་རྩྭ་འདག་དབྱིས་པ་དང་། ཐོག་བརྩེགས་ལ་ས་རུ་ཀ་རྡོ། དེའི་ཐོག་ཏུ་ཀ་རིང་། དེའི་ཐོག་ཏུ་ཀ་མགོ། དེའི་ཐོག་ཏུ་གདུང་མ། རྒྱས་སྤྲོས་བྱེད་པ་ཚོས་གདུང་མའི་སྟེང་ན་པད་མ་དང་། འབུར་ཚག། ལྕགས་རི། དེའི་ཐོག་ཏུ་ལྕམ། ལྕམ་གྱི་བར་དུ་བྱེའུ་བཀག། དེའི་ཐོག་ཏུ་ལ་ལས་ཤིང་ལེབ་ཀྱི་གནམ་གཅལ་དང་ལ་ལས་དྲལ་སྟར་ཅེས་ཤིང་གི་ཡལ་ག་པགས་པ་བཤུས་ནས་ངོས་གཅིག་ཟླུམ་དབྱིབས་ཐུང་བཟོས་སྟར་བསྒྲིགས་པ། དེ་དག་མ་འཛོམས་ན་གོ་དཀར་རམ་ཡང་ན་གོ་ནག་གི་དྲལ་མ། དེའི་ཐོག་ཏུ་ནག་ལེབ་དང་དཀར་ལེབ་དང་དབྱིས་སྐུད་བྱེད། ཕྱོགས་བཞིའི་གྲྭ་ལ་ཕྱམ་སྣེ་གྱང་རྩིག་གི་ཕྱིར་བུད་པའི་སྣེ་སྐེ་ཡི་སྟེང་དུ་དྲལ་ཤིང་ཞེས་ངོས་བཞི་ཅན་གྱི་ཤིང་དྲང་པོ་འཕྲེད་དུ་བཞག། དེའི་སྟེང་དུ་དྲལ་རྡོ་ཞེས་རྡོ་གཡམ་ལེབ་མོ་ཕྱི་སྣེ་གྲལ་མཉམ་པར་བསྒྲིགས། དེའི་ཐོག་ལ་དྲལ་སྐྱོར་ཞེས་འདམ་བག་གིས་གདོང་ཟུར་མཐོན་པོར་བསླངས་ནས་བསྣན་ཡོད། ཕྱོགས་སོ་སོའི་གདུང་མའི་སྣེ་མོ་མཐའ་བསྐོར་གྱི་གྱང་རྩིག་དང་བསྣོལ་པ་དང་། ཀ་བ་དང་ཀ་མགོ་གདུང་མ་རྣམས་ཕན་ཚུན་དུ་ཁུང་འཛེར་སྤྲད་ཅིང་ལ་ལས་ངོས་སུ་རིས་དབྱིབས་འདྲ་མིན་གྱི་གཟུགས་བརྙན་ཡང་བརྐོས་ཡོད། ཁང་པ་ཉིས་བརྩེགས་ཅན་ལ་ཀ་ཐོག་ཀ་བཞག་ཅེས་ཐོག་བརྩེགས་ཀྱི་ཀ་བ་བརྩེགས་འོག་མའི་ཀ་བའི་ཐོག་ཏུ་ཐད་སྤྲད་དེ་བཞག་པ་ཞིག་དང་། ཀ་རིང་ཞེས་བརྩེགས་འོག་མའི་ཀ་བ་དང་གཤིབས་ནས་ལོགས་སུ་ཀ་བ་རིང་པོ་བསླངས་པ་གཉིས་ཡོད། ཁང་པའི་མདོག་ལ་ཕྱི་ལོགས་སུ་བང་ཤིང་དང་བང་འདྲའི་ངོས་སུ་ཤིང་ཚོས་དམར་སྨུག་བྱུགས་ཤིང་། གདུང་མ་དང་ཀ་མགོའི་ངོས་དང་། སྒོ་དང་སྒེའུ་ཁུང་གི་གླེགས་དང་འགྲམ་པ་དང་གཞི་རྐང་སོགས་ལ་ཁ་དོག་སྣ་ལྔའི་རི་མོ་སྣ་ཚོགས་བྲིས་ལ། གྱང་དང་རྡོ་རྩིག་ལ་ལོ་ལྟར་ལྔ་མཆོད་ཟླ་བའི་ནང་དུ་ས་ཚོན་དཀར་པོ་དཀྱེར་པ་དང་། ཁང་པའི་ནང་ལོགས་ལ་སྟེང་ཕྱོགས་སུ་ཕྱམ་དམར་པོ། གནམ་གཅལ་སྔོན་པོ། ཀ་མགོ་དང་གདུང་མ་ཁྲ་བོ། ལོགས་ཀྱི་གྱང་དང་རྩིག་ངོས་ལ་འདམ་བག་ཞིབ་མོ་འཇམ་ཤ་དོད་པར་བྱུགས་ནས་ལྡེབས་ཞལ་བརྒྱབ། དེའི་ངོས་སུ་ས་ཚོས་ཀྱིས་སྟོད་ཁ་དོག་སྔོན་པོའམ་སེར་པོ་དང་སྨད་སྒབ་མཚལ་དམར་སྨུག་གཉིས་ཀྱི་བར་ནས་འཇའ་ཚོན་གྱི་སྐེད་རིས་འཐེན་ཏེ་སྟོད་སྨད་ཕྱེ་ཞིང་། ཤིང་གི་གྲུ་ཆོད་ངོས་ལ་ཁ་དོག་འདྲ་མིན་གྱི་རི་མོ་སྣ་ཚོགས་བྲིས་ཏེ་ཁྲ་ཆིལ་ལེར་བྱས་ཡོད། ཁང་པ་ཆེ་ཆུང་ནི་ཁང་པ་འཐུས་ཚང་བ་ཞིག་ལ་མཆོད་ཁང་དང་། ཚོམས་ཆེན། ཐབ་ཚང་། མཛོད། ཉལ་ཤག། པུར་ཁང་། རབ་གསལ། བར་ཁྱམས། རྒྱ་མཐོངས། གསང་སྤྱོད་དམ་ཆབ་ཁང་སོགས་འཛོམས་ཡོད་ཅིང་དེ་ལས་མཆོད་ཁང་དང་ཐབ་ཚང་དང་གསང་སྤྱོད་གསུམ་ནི་མ་མཐའང་ཤག་མིག་ལོགས་སུ་མེད་ན་མི་རུང་བ་ལྟ་བུར་གྱུར་ཡོད། འོན་ཀྱང་ཁང་རྩེ་དར་ཅོག་མང་བ་དེ་ལྷ་འདྲེ་ལག་གཡོབ་བཟོ་བྱེད་རེད། བར་བརྩེགས་ཁང་མིག་མང་བ་དེ་བྱི་བས་རྟ་རྒྱུགས་གཏོང་བྱེད་རེད། ཁང་ཤོད་ཀ་བ་མང་བ་དེ་གླང་རྒན་མགོ་ཡུ་འཁོར་བྱེད་རེད་ཅེས་ཕྱི་ཁང་རྫིག་པོ་དང་མཐུན་པའི་བཟའ་མི་ཀུན་སྤྱོད་དང་ཕུགས་ནོར་སོགས་ཕྱི་ནང་འཚམས་པོ་ལ་བསྟོད་ཀྱི་ཕྱི་རྫིག་ནང་སྟོང་ལ་འཕྱ་སྲིད། དེ་དག་ནི་ཐུན་མོང་དུ་གྱུར་པའི་ཁྱད་ཆོས་རགས་པ་འགའ་ཞིག་སྟེ། ཞིབ་ཆར་བལྟས་ན་ཡུལ་ཕྱོགས་སོ་སོ་དང་། ཡུལ་ཕྱོགས་གཅིག་གི་གྲོང་པ་སོ་སོ། གྲོང་པ་གཅིག་གི་དུད་ཚང་སོ་སོའི་ཁང་པ་ལ་ཆགས་ལུགས་དང་བཟོ་དབྱིབས། རི་མོ་དང་ཚོན་མདོག། ཆེ་ཆུང་དང་མཐོ་དམའ་སོགས་ཅི་ས་གང་ཐད་ནས་རང་རང་གི་དགོས་མཁོ་དང་དགའ་ཞེན་ལྟར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐ་དད་པར་ཡོད་ཅིང་། ཡུལ་དེ་ལ་ཁྱད་པར་འབྱེད་དཀའ་བའི་ཁང་པ་ཆ་ཞིག་ནི་ཕལ་ཆེར་རྙེད་མི་སྲིད་དོ།།
ཁང་པ་གང་འདྲ་ཞིག་ཡིན་རུང་ཕྱི་ནང་ཚང་མ་རང་ཡུལ་ནས་ཐོན་པའི་རྒྱུ་ཆས་ཡུལ་མིས་རང་ལག་གིས་བཟོས་པ་ཤ་སྟག་ཡིན་གཤིས། ཞིང་པ་ཚང་མ་ཁང་ཁྱིམ་གནས་མལ་གྱོན་གོས་ཟས་ཆས་སོགས་འཚོ་བའི་ཡོ་བྱད་རྣམས་གཞན་དྲིང་འཇོག་མི་དགོས་པར་རང་ཁ་རང་གསོ་བྱེད་ཐུབ་ཙམ་བྱུང་ན་གྱོད་དང་ཁ་མཆུ་མེད་ན་བཙན་པོ། དོམ་དང་བུ་ལོན་མེད་ན་ཕྱུག་པོ་ཞེས་རྒྱུ་ནོར་རྫས་ལ་མི་རྔམ་པར་ཟོས་བདེ་བག་ཕེབས་ངང་འཚོ་གནས་བྱེད་པ་ལ་ཤིན་ཏུ་དགའ། ལྷག་པར་དུ་ནགས་ཚལ་གྱི་འགྲམ་ན་འཆགས་ཡོད་པའི་གྲོང་པ་དག་གི་ཁང་པ་རྣམས་ཡུལ་གཞན་ལས་ཀྱང་སྟབས་བདེ་མོར་བཟོས་ཡོད། དོན་དངོས་སུ་སྔ་མའི་ཞིང་པ་ཚོས་རི་སྡིངས་དང་ས་སྒང་ན་སྡོད་ཁང་འོས་འཚམས་རན་པོ་ཞིག་ལ་ཚད་འཛིན་བྱེད་པའི་རྒྱུ་མཚན་གཙོ་བོ་ནི་ཞིང་ས་ལ་གཅེས་སྤྲས་བྱེད་ཅིང་འཕྲོ་ལྷག་མི་གཏང་བ་དང་། ཤིང་ཆའི་འགྲོ་སོང་གྲོན་ཆུང་བྱེད་ཅིང་རྩི་ཤིང་ནགས་ཚལ་ལ་བསྲི་ཕྲ་བྱེད་པ་སོགས་ཁོར་ཡུག་གི་མཐུན་རྐྱེན་ལ་སྲུང་སྐྱོང་བྱས་ཏེ། ལོ་ཏོག་ལ་ཆར་ཆུ་དུས་སུ་འབབ་ཅིང་སད་དང་སེར་བ་མེད་པ་སོགས་ཀྱི་མཐུན་རྐྱེན་འཛོམ་ཞིང་འགལ་རྐྱེན་ཞི་བ། ཞིང་ལ་ལུད་རྫས་གསོག་མཁན་མེད་དུ་མི་རུང་བའི་སྒོ་ཕྱུགས་ཉར་ཚགས་བྱེད་བདེ་བ་རྣམས་ལ་བསམ་བློ་བཏང་བ་དང་འབྲེལ་བ་ཆེན་པོ་འདུག། ཁང་པ་ཁ་ཕྱེ་ཞིང་འཆག་ས་གཡེར་པ། སྒོ་དང་སྒེའུ་ཁུང་ཡངས་ཤིང་སོ་ཁུང་ཉུང་བ་དག་ནི་ཡུལ་གྲུ་སྤྱི་ལ་རྐུན་ཇག་གི་འཚེ་བ་ཉུང་ཞིང་འཚོ་བ་ལྷིང་འཇགས་པའི་དན་རྟགས་ཤིག་ཏུའང་འཁུམས་སོ།།
( མུ་འགོད།)
