ཁྱེད་ནི།
གནམ་སྔོན་པོ་འདེགས་པའི་ཀ་བ་དེ།
ཁྱེད་ནི།
ས་དོག་མོ་གནོན་པའི་ཕུར་བ་དེ།
ཁྱེད་ཀྱིས།
སྐུ་སྲོག་འབེན་དུ་བཙུགས་ཏེ་གཡུལ་ལ་ཞུགས།
ཁྱེད་ཀྱིས།
ལྟོ་གོས་གྱོང་ལ་བསྐུར་ནས་དགྲ་ལ་འཐབ།
ཁྱེད་ལ་མཐུ་ལྡན་པས།
ཁྱེད་ཀྱིས་རི་གཟར་རྦབ་རྡོ་གྱེན་དུ་བཟློག་ནུས།
ཁྱེད་ལ་འཕྲུལ་ཡོད་པས།
ཁྱེད་ཀྱིས་ཐུར་འབབ་ཆུ་བོ་མཐའ་ནས་འགོག་ཐུབ།
ཁྱེད་ཡོད་པས།
བླ་སྲོག་འཇོམས་པའི་དགྲ་ནག་པོ་ཐར་ས་ལར་ནས་མེད།
ཁྱེད་ཡོད་པས།
ཤ་ཁྲག་འཇིབ་པའི་བདུད་སྲིན་པོ་འཚོ་ཐབས་ཡེ་ནས་བྲལ།
གེགས་སེལ་བོགས་འདོན་གྱི་གདམས་ངག་ཁྱེད་ལས་གསན།
དགྲ་འདུལ་གཉེན་སྐྱོང་གི་མན་ངག་ཁྱེད་ལས་རྙེད།
སྐྱིད་ན་ལུས་སེམས་བཅོལ་བའི་གཞི་ཁྱེད་ཡིན།
སྡུག་ན་དཀའ་ངལ་སེལ་བའི་མགོན་ཁྱེད་ཡིན།
ང་ཚོའི་ཆེད་དུ།
ཁྱེད་ཀྱི་ཡ་ཐོད་ཀྱི་མིག་བྲུས་ཀྱང་དཔའ་མི་ཞུམ།
ང་ཚོའི་སླད་དུ།
ཁྱེད་ཀྱི་བྲང་ཁོག་གི་སྙིང་བླངས་ཀྱང་བློ་མི་ཕམ།
ཁྱེད་མེད་ན།
ང་ཚོ་གཤོག་པ་མེད་པའི་བྱེའུ་འདྲ།
ཁྱེད་མེད་ན།
ང་ཚོ་རྨིག་བཞི་མེད་པའི་རྟེའུ་བཞིན།
གདོན་ཆོ་འཕྲུལ་ཆེ་རུང་བག་མི་ཚ་བ་དེ་ཁྱེད་ཡིན།
དགྲ་གདུག་རྩུབ་ཆེ་རུང་ཡ་མི་ང་བ་དེ་ཁྱེད་ཡིན།
ཁྱེད་མེད་དུས།
སུ་དང་སུས་ཀྱང་མདུན་གྱི་མི་ལ་སོ་འདེབས།
ཁྱེད་མེད་དུས།
གང་དང་གང་གིས་ཀྱང་རྗེས་ཀྱི་མི་ལ་འཕྲ་ཡིས་རྒྱག།
ཉིན་གྱི་བྱ་ར་ཁྱེད་ཡིན་པས།
ང་ཚོར་ཇག་པའི་བརྙས་བཅོས་མ་ཐེབས།
མཚན་གྱི་མེལ་ཚེ་ཁྱེད་ཡིན་པས།
ང་ཚོར་རྐུན་མའི་འཇབ་རྒོལ་མ་རེག།
ཕལ་བ་འཕྲལ་གྱི་དགོས་པའི་སླད་དུ་འདུར་དུས།
ཁྱེད་རང་ཕུགས་ཀྱི་འདུན་མའི་དོན་དུ་བརྒྱུགས།
ཕལ་བ་རང་དོན་སྐམ་པོའི་ཆེད་དུ་ངུ་དུས།
ཁྱེད་རང་གཞན་དོན་སྣུམ་པོའི་ཕྱིར་དུ་འཛུམ།
ཁྱེད་ཀྱི་བྲང་གཞུང་ཚ་བས་བསྲེགས་ཀྱང་རྒྱལ་ཁབ་མི་བརྗེད།
ཁྱེད་ཀྱི་སྒལ་གཞུང་འཁྱགས་པས་བསྡམས་རུང་མི་རིགས་མི་འདོར།
དེ་བས།
ང་ཚོའི་ལུས་ཀྱི་བླ་སྲོག་ཁྱེད་ལ་བརྟེན།
ང་ཚོའི་ངག་གི་སྒྱུ་རྩལ་ཁྱེད་ལས་འཁྲུངས།
ང་ཚོའི་ཡིད་ཀྱི་དྲོད་ཁོལ་ཁྱེད་ལས་རྒྱས།
མ་ཟད།
རྗེས་ལུས་ཀྱི་གཡང་ལས་འཐེན་པའི་སྐྱབས་དང་སྐྱོབ་པ།
དམྱལ་བའི་མཐིལ་ནས་འདྲེན་པའི་མགོན་དང་དཔུང་གཉེན།
༼ གཅན་གླག་མིག། ༽
