སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གསར་སྐྲུན་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཁྱབ་གདལ་གཏང་རྒྱུ་རྒྱུན་འཁྱོངས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་གསུངས་ཡོད། ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཐོན་ལས་གཙོ་བོ་དང་། དམངས་འཚོའི་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་སུ་སྐྱེད་སྲིང་བྱ་རྒྱུ་རྒྱུན་འཁྱོངས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་བྱ་རྒྱུ་དེ་ཡུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་མང་ཚོགས་ཀྱི་འབབ་འཕར་གྱི་འཛིན་བྱ་གལ་ཆེན་དུ་གྱུར་བ་རེད།
ད་ལོའི་རྒྱལ་སྟོན་དུས་ཆེན་རིང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི405.47ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་སྣེ་ལེན་མི་གྲངས2016ལོའི་དུས་མཉམ་ལས་བརྒྱ་ཆ236.69འཕར་ནས་ལོ་བཅུའི་མཐོ་ཚད་གསར་པ་བཏོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་སྲིད་ཇུས་དཀར་མཛེས་ཁུལ་ལ་དོན་དུ་འཁྱོལ་ནས་ཕན་འབྲས་ཐོབ་པ་ཞིག་རེད།
སྤྱི་ཟླ10པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད6པའི་བར། ཁུལ་ཡོངས་ཀྱི་ཡུལ་སྐོར་ལ་སྤྱིའི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར68.86ལ་ཟིན་ཡོད། དེའི་ནང་དར་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་ཁྲི106.9ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར17.95ལ་ཟིན་ཡོད། མི་རྒོད་མཚོ་དང་གསེག་རི་གླིང་ག། བརྒྱ་རྒྱུད་བོད་གྲོང་། གཡུ་ཁོག་དགྱེས་ཡུམ་ལྷ་མཚོ་སོགས་ལྗོངས་ཁུལ་ཁག་གི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད།
2026ལོའི་རྒྱལ་སྟོན་དུས་ཆེན་གུང་གསེང་སྐབས་དཀར་མཛེས་ཁུལ་གྱི་བསྡོམས་རྩིས་ནང་ཡོད་པའིAརིམ་པའི་ཡུལ་སྐོར་ལྗོངས་ཁུལ102ཀྱིས་ཁྱོན་ཡུལ་སྐོར་བ་ཁྲི101.94ལ་སྣེ་ལེན་བྱས་པ་དང་།སྒོ་འཛིན་ཡོང་འབབ་སྒོར་ཁྲི675.36ལ་ཟིན་པ་རེད། ཁུལ་ཡོངས་ཀྱི་ས་ཁོངས་ཡོངས་སུ་ཁྱོན་ཡུལ་སྐོར་བ་ཁྲི405.47ལ་སྣེ་ལེན་བྱས་པ་དང་།2016ལོའི་རྒྱལ་སྟོན་དུས་ཆེན་གུང་གསེང་སྐབས་ཀྱི་མི་གྲངས་ཁྲི120ལས་ལྡབ་གཉིས་འཕར་ཡོད། ལོ་བཅུའི་རིང་ལ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་མགྱོགས་ཤིང་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)
