དཀར་མཛེས་ཁུལ་འབའ་ཐང་རྫོང་རྫོང་རྩ་གྲོང་རྡལ་གྱིས་འབྲོག་ལས་དང་འོད་ཤུགས་མཉམ་འབྲེལ་ལས་གཞིར་བརྟེན་ནས་ནགས་འོག་དཔལ་འབྱོར་དང་གྲོང་པའི་ཐུན་མོང་དཔལ་འབྱོར་མཉམ་འགུལ་ངང་འཕེལ་རྒྱས་བཏང་སྟེ་སྤང་ལམ་གྲོང་སྡེ་དང་རིང་སྟོད་གྲོང་སྡེའི་ཐོན་ལས་རིམ་སྤོར་བྱུང་བ་དང་། ཡུལ་མིའི་ཡོང་འབབ་འཕར་བ། གྲོང་སྡེའི་རྣམ་པ་གསར་པ་བཅས་ཀྱི་མཐོ་སྒང་རྒྱུན་བསྲིང་གི་ཕྱུག་འགྱུར་ལམ་བུ་གསར་པ་ཞིག་རྙེད་པ་རེད།
སྔོན་ཆད་རྫོང་རྩ་གྲོང་རྡལ་ལ་མཚོན་ན་ས་ཁམས་དང་ཐོན་ཁུངས། ལག་རྩལ་བཅས་ཆ་རྐྱེན་ཞན་པའི་དབང་གིས་ས་གནས་དེ་གའི་ཡུལ་མི་ཚོས་དབྱར་རྩྭ་དགུན་འབུ་རྐོ་བ་དང་བེ་ཤ་འཐུ་བ་ཙམ་ལས་ཡོང་འབབ་བརྟན་པོ་མིན། ཉེ་བའི་ལོ་ཤས་རིང་། རྫོང་རྩ་གྲོང་རྡལ་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གཙོ་གནད་འོད་ཤུགས་ལས་གཞི་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་མང་པོ་བཀོད་སྒྲིག་བྱས་པས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྤང་ལམ་གྲོང་སྡེར་དེ་བས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་སྟེ། 2025ལོར་ཡུལ་མིའི་ཡོང་འབབ་འཕར་ཚད་བརྒྱ་ཆ30ལ་ཟིན་པས་རྒྱལ་ཡོངས་ཀྱི་ཞིང་སྡེ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལས་ཆེས་ཆེར་མཐོ་བ་རེད།
སྤང་ལམ་གྲོང་སྡེས་ས་གནས་དེ་གའི་མུའུ་སྟོང་ཙམ་ལུས་ཡོད་པའི་ས་རྒོད་བེད་སྤྱད་ནས་ཁམ་སྡོང་ཐོན་ལས་གླིང་བསྐྲུན་པ་དང་། ཡུལ་མི་ཚོས་སྲོ་ལོ་དམར་པོ་འདེབས་འཛུགས་ཚོད་ལྟ་བྱས་པ། མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོས་བ་དང་རྩོལ་བསྟུན་ཐོབ་ཆ་ལེན་པའི་རྣམ་པ་གསར་གཏོད་དང་ཁྱབ་གདལ་བཏང་བ། སྔོན་དཔག་བྱས་ན་ཐོན་ལས་གླིང་གི་ལོའི་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཁྲི1500ཙམ་ལ་ཟིན་རྒྱུ་དང་། ཡུལ་མི་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར3800ལོན་ཐུབ་རྒྱུ་རེད། ཧྭ་གློག་འབའ་ཐང་རྫོང་རྩ་སྟོང་ཝ་ཁྲི120ཡི་ཆུ་འོད་གསབ་རེས་འོད་ཤུགས་ལས་གཞི་ལེགས་གྲུབ་བྱུང་ཡོད། ལས་གཞི་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་མི་ཁྲི5ལྷག་ལ་ལས་ཀ་མཁོ་སྤྲོད་བྱས་ཏེ། ངལ་ལས་ཡོང་འབབ་སྒོར་ཁྲི2000ཙམ་ལོན་ཐུབ་ཡོད། ས་ཞིང་འཁོར་རྒྱུག་ལ་བརྟེན་ནས་དུད་ཚང་རེར་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ནས3བར་འཕར་ཐུབ་པ་བྱུང་ཡོད། ས་གནས་དེ་གའི་ཡུལ་མི་ཚོས་ས་ཞིང་འཁོར་རྒྱུག་བྱས་པ་དང་། ལས་གཞིར་བརྟེན་ནས་ལས་ཀ་རྙེད་པ། ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོས་བ། ཁྱད་ལྡན་དངོས་རྫས་ཚོང་བ་སོགས་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་ཆེས་ཆེར་འཕར་བས། སྒོ་ཁར་རླངས་འཁོར་མེད་མཁན་གཅིག་ཀྱང་མེད་ལ་གྲོང་སྡེ་དེར་སྔ་བྱུང་མ་མྱོང་བའི་འཕེལ་རྒྱས་ཆེན་པོ་བྱུང་ཡོད། མ་འོངས་པར་རྫོང་རྩ་གྲོང་རྡལ་གྱིས་མུའུ་སྟོང་ཅན་གྱི་ཁམ་སྡོང་ཐོན་ལས་ལ་བརྟེན་ནས་ཞིབ་སློབ་ལྟ་སྐོར་དང་། ཏང་གཤིས་སློབ་གསོའི་རྟེན་གཞི་བསྐྲུན་ཏེ་གསར་བརྗེའི་རིག་གནས་རྒྱུན་འཛིན་བྱ་རྒྱུ་རེད།
རིང་སྟོད་གྲོང་སྡེས་འོད་ཤུགས་ལས་གཞི་འཛུགས་སྐྲུན་གྱི་གོ་སྐབས་དམ་པོར་འཛིན་ནས་ཡུལ་མི་རྩལ་ནུས་མེད་པའི་ངལ་ལས་པ་ནས་རྩལ་ནུས་ཤེས་ལྡན་མི་སྣར་བསྒྱུར་བར་བསྐུལ་བ་རེད། ས་གནས་དེ་གས་འོད་ཤུགས་རྩལ་ནུས་ཁྲིད་པའི་འཛིན་གྲྭ་བཙུགས་ཏེ། སྒྲིག་ཆས་འཁོར་སྐྱོད་སྲུང་སྐྱོང་དང་ཉེན་མེད་བཀོལ་སྤྱོད་སོགས་ཆེད་ལས་ཤེས་བྱ་ཁྱབ་གདལ་བཏང་བར་མ་ཟད། གྲོང་པའི་ཐུན་མོང་གིས་སྣེ་ཁྲིད་དེ་ལས་འགན་གཙང་ལེན་བྱེད་སྟངས་ཁྱབ་གདལ་བཏང་ནས་ཡུལ་མི་ཚོ་ཆུང་གིས་ལས་གྲྭ་དང་སྐྱེ་ཁམས་ཉམས་གསོ་སོགས་ཀྱི་ལས་གཞི་ལག་ལེན་ལ་སྐུལ་ཁྲིད་བྱས་ཏེ་ཡུལ་མི་ཚོ་ལས་བཞུགས་བརྟན་པ་དང་ཡོང་འབབ་ཆེས་ཆེར་འཕར་ཡོད། ཡུན་རིང་འབབ་འཕར་གྱི་རྨང་གཞི་བརྟན་པོ་འཛུགས་ཆེད། གྲོང་སྡེས་ཞིང་ཆེན་རིམ་པའི་ཡུལ་སྡེ་དར་རྒྱས་ཀྱི་བྱ་དགའ་དང་ཁ་གསབ་མ་དངུལ་སྤྱད་ནས་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་།ལག་ཁྱེར་ཡོད་པའི་ཞིང་ལས་འཕྲུལ་ཆས་པ་གསོ་སྐྱོང་བྱས་ཏེ། འོད་ཤུགས་ལས་གྲྭའི་སྒྲིག་ཆས་བོགས་མར་གཏོང་ལེན་དང་ས་གནས་དེ་གའི་ཞིང་ལས་ཞབས་ཞུའི་དགོས་མཁོ་གཉིས་སྦྲེལ་མཐུད་བྱས་པ་རེད། 2024ལོར་མཉམ་ལས་ཁང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི31ལ་ཟིན་ཞིང་། ཡོང་འབབ་དེ་ཡུལ་མིར་ཁེ་སྤོགས་བགོ་བ་དང་ཐུན་མོང་རྒྱུ་ནོར་སྲུང་སྐྱོང་ཐད་སྤྱད་དེ་གྲོང་སྡེའི་ཐོན་ལས་ཀྱི་རྨང་གཞི་བརྟན་པོ་བསྐྲུན་ན“ཐོན་ལས་ཁེ་རྐྱང་གི་ཡོང་འབབ་འཕར་བའི”དཀག་རྒྱ་ལས་སྒྲོལ་ཐུབ་པ་བྱུང་ཡོད།
ད་ཆ་རྫོང་རྩ་གྲོང་རྡལ་ལ་མཚོན་ན་འོད་ཤུགས་དང་། ཐོན་ལས། རྩལ་ནུས་བཅས་ཀྱི་ནུས་པ་ལ་བརྟེན་ནས་མཐོ་སྒང་ཐོན་ལས་ཀྱི་ཞན་ཆ་ཁ་བསྐངས་ཏེ་གྲོང་སྡེའི་རྣམ་པ་དང་། མང་ཚོགས་ཀྱི་ཡོང་འབབ། འཕེལ་རྒྱས་ཀྱི་གཏིང་ཤུགས་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་པ་དང་། མཐོ་སྒང་གི་ཡུལ་སྡེ་དར་རྒྱས་གཏོང་བར་ལག་ལེན་གྱི་མ་དཔེ་གསོན་པོ་ཞིག་མཁོ་འདོན་བྱེད་བཞིན་ཡོད་དོ།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
