国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྟོན་གྱི་རྒྱལ་མོའི་ བཀའ་ཆད།

དབྱའ་ཟླ་གསུམ་སྤང་ལ་མེ་ཏོག་འཁྲུངས་དུས། །

སྟོན་འགོ་མའི་ནང་ནས་བ་མོས་ཁྱེར་སོང་། །

ནགས་གཡུ་ལོའི་གསེབ་ཀྱི་སྙན་དབྱངས་ཁུ་བྱུག །

སྟོན་འགོ་མ་ཚེས་དུས་མོན་ཡུལ་ལོག་སོང་། །

དབྱར་སྤང་ལྗོངས་སྟེང་གི་ཕྱེ་ལེབ་ཆུང་ཆུང་། །

རྩི་མེ་ཏོག་ཁྲོད་ནས་མཉམ་དུ་འཛོམས་ཏེ། །

ཉིན་འདི་ལ་མཉམ་འགྲོ་མཉམ་འདུག་ཡིན་ཡང་།

སྟོན་འགོ་མ་ཚེས་དུས་ཕྱི་ལམ་འགྲིམ་རན། །

མདོག་བཟང་པོ་ལྗོན་དང་ཁུ་བྱུག་གཉིས་ཀ། །

དབྱར་ཟླ་གསུམ་མཉམ་དུ་འཛོམས་ནས་ཡོད་ཀྱང་། །

ཡུད་ཙམ་ནས་ལྷོ་མོན་ཡུལ་དུ་ཆས་དུས། །

བྱེའུ་མཇོལ་མོ་ང་གཉིས་སྨྲེང་བས་གང་སོང་། །

མཚོ་སྔོན་མོའི་འགྲམ་གྱི་ཁྲུང་ཁྲུང་ཁྱུ་གཅིག །

གཡུའི་མེ་ལོང་ཐང་ལ་མཉམ་འཛོམས་ཡིན་ཡང་། །

ཟླ་གཞུག་མར་མ་བཞུགས་ལྷོ་ལ་འཕུར་དུས། །

ཉ་གསེར་མིག་ངེད་གཉིས་འཁྱག་གིས་བསྡམ་རན། །

དབེན་ཐིང་ཐིང་ཡིན་པའི་རི་སུལ་ཞོལ་ནས། །

རླུང་བསིལ་མོའི་རེག་བྱ་ལུས་ཀྱིས་མྱོང་ཞོར། །

སྨུག་གྱ་གྱུ་གཡོ་བའི་ན་བུན་གསེབ་ནས། །

འཁྱག་ལྷང་ལྷང་ཞིག་གི་ཚོར་བ་བསླངས་སོང་། །

ཞེ་དམར་པོ་འཁྲེང་སའི་དབྱར་གསུམ་མཛའ་བོར། །

ཞེ་མཐུན་མཐུན་ཡིན་ཡང་སྟོན་ཟླ་ཐོན་དུས། །

གོང་གནམ་གྱི་རྒྱལ་མོའི་བཀའ་ཆད་ཕོག་འདྲ། །

གྲང་ལྷགས་རླུང་ངར་མས་ལུས་སེམས་རྨས་སོང་། །

སྤང་སྔོན་མོའི་ཁུགས་ཀྱི་རྩི་མར་འཁྲེང་བའི། །

འབུ་གཡུ་སྦྲང་ཕྱེ་ལེབ་གར་ལ་རྩེན་ནས། །

སྐྱིད་མེ་ཏོག་ཐང་ལ་མཉམ་འཛོམས་ཡིན་ཡང་། །

སྟོན་ཟླ་བ་ཚེས་དུས་ཕྱི་ལམ་འགྲིམ་རན། །

དབྱར་སྐྱིད་པོའི་ཁྲོད་ན་རྨི་ལམ་སྦྲུམ་པའི། །

བྱ་ཁུ་ལོས་གྲེ་འགྱུར་ངོམ་བཞིན་ཡོད་དུས། །

དུས་ཚབ་ཚུབ་ངང་ནས་གྲང་བས་བྲིད་དུས། །

སྐྱོ་སང་སང་ངང་ནས་ཤུགས་རིང་ཤོར་སོང་། །

དུས་མི་རྟག་སྐད་ཅིག་གློག་གི་འགྱུ་སྟངས། །

མིའི་མི་ཚེ་འདི་ནི་རྩྭ་རྩེའི་ཟིལ་བ། །

དགྲ་འཆི་བདག་དེ་ནི་ནམ་ཡོང་ཆ་མེད། །

འདི་མི་རྟག་སྒྱུ་མའི་དཔེ་ཞིག་ལོས་ཡིན། །

༼ མེ་ཆར། ༽