མེ་ཏོག་གེ་སར་སོགས་ཀྱི་མཛེས་སྡུག་དང་།།
དལ་འབྱོར་མི་ལུས་ཐོབ་པའི་དགའ་བདེ་ཟུང་།།
དབྱར་དང་ཉི་ཤུའི་སྣང་བའི་རྒྱ་ཁྱོན་ལས།།
ངོམ་ས་མེད་འདི་མི་རྟག་སྒྱུ་མས་བཀྱེད།།
རི་བོའི་གཟུགས་ཀྱིས་རྩི་ལོའི་གོས་སུ་གྱོན།།
འབྲོག་པའི་བུ་མོའི་དབུ་སྐྲ་གནག་སྣུམ་ཡང་།།
སྟོན་དང་བཞི་བཅུ་གཉིས་ཀྱི་ཁུགས་སོ་ནས།།
ལོ་སེར་སྐྲ་དཀར་འབུད་པའི་ངང་ཚུལ་སྐྱོ།།
སྔོ་ལྗང་གཡུ་ལོ་བག་ཉམས་ལྡན་ན་ཡང་།།
སྟོན་དང་དགུན་གྱིས་ཞི་ལྷོད་དཀྲུགས་པར་ངེས།།
ལོ་གཞོན་ཉི་ཤུའི་སྣང་བ་མཐོ་ན་ཡང་།།
རྒས་དུས་གཉེར་མས་མགོ་འཕང་གནོད་པར་ངེས།།
སྟོན་གྱི་ལོ་མའི་ཉམས་སྣང་འདི་མཐོང་ན།།
མི་ཚེའི་དར་རྒུད་བར་གྱི་ཧེ་བག་རྟོགས།།
སྟོན་ཟླ་དགུ་པས་ཚེ་སྲོག་སྔོག་པ་འདིས།།
དལ་བརྒྱད་འབྱོར་བཅུའི་བར་གྱི་གསང་བ་གོ།
༼ ཁྱུང་གསེར་སྨྱུག། ༽
