དྲི་བཞོན་རླུང་གིས་དེད་པས།།
གསེར་མདོག་ལོ་མ་སེར་པོ།།
ངེས་མེད་གང་སར་སྤུར་བ།།
སྟོན་ཟླའི་ཆོས་ཉིད་འདྲ་བ།།
མཛེས་སྡུག་མེ་ཏོག་འདབ་མ།།
སད་དང་སེར་བས་བཅོམ་ནས།།
གཡུ་སྦྲང་དབེན་པར་ཆས་པ།།
སྟོན་ཟླའི་ཆོས་ཉིད་འདྲ་བ།།
ནོར་འཛིན་ཁ་མདོག་གྱུར་ནས།།
ཁ་བའི་དབུ་ཞྭ་བནབས་སོང་།།
རྩྭ་ཐང་སེར་མདོག་གྱུར་བ།།
སྟོན་ཁའི་ཆོས་ཉིད་འདྲ་བ།།
གཙང་པོའི་བཞུར་སྒྲ་འཇགས་ནས།།
མཚོ་མོ་དར་ཁ་འགྲིག་སྟེ།།
ཁྲུང་ཁྲུང་ལྷོ་ལ་འཕུར་བ།།
སྟོན་ཁའི་ཆོས་ཉིད་འདྲ་བ།།
སྙེ་མའི་འགོ་བོ་དུད་པའི།།
ཞིང་ཀའི་གསེར་མདངས་མཛེས་པ།།
ཞིང་པའི་བྲེལ་བྲེལ་གནང་བ།།
སྟོན་ཁའི་ཆོས་ཉིད་འདྲ་བ།།
ལྗོན་པའི་ཡལ་འདབས་རྩེ་ནས།།
བྱེའུ་ཆུང་གསུང་སྙན་ལྷང་ལྷང་།།
ཁ་བ་ཟིམ་ཟིམ་འབབ་པ།།
སྟོན་ཁའི་ཆོད་ཉིད་འདྲ་བ།།
སེར་སྨུག་ནེའུ་གསིང་སྤང་ལ།།
ཤེའུ་ཆུང་རྩེད་འཇོ་རོལ་བཞིན།།
རྭ་བརྒྱད་མཛེས་པ་ངོམ་པ།།
སྟོན་ཁའི་ཆོས་ཉིད་འདྲ་བ།།
སྤྲིན་དཀར་མུ་ཏིག་ཚོམ་བུ།།
ཨ་སྔོན་གཡུ་ཡི་མེ་ལོང་།།
དྭངས་གསལ་གནམ་གྱི་མཛེས་སྡུག།
སྟོན་ཁའི་ཆོས་ཉིད་འདྲ་བ།།
༼ རྡོ་རྗེ་ཐར་ལམ། ༽
