国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སོས་མི་དལ་བའི་ སྟོན་ཁ།

སྟོན་ཁ་འདིར། ཡོད་ཚད་བྲེལ་ཟིང་གི་གཟེབ་ཏུ་ཚུད། འཕུར་སྐྱོད་ཀྱི་གཤོག་རླབས་མངའ་བའི་རྒོད་པོ་དག་མཁའ་དབྱིངས་ནས་འཕྱོ་ལྡིང་མཚམས་ཆད་ཀྱིན་མི་འདུག་ལ། རྨི་ལམ་གྱི་ལྗོན་པ་འཚོལ་བའི་མི་ཚོགས་དག་ཀྱང་འཚོ་བའི་བར་གསེང་གང་ཞིག་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་གོམ་ཁ་ལྷོད་ཀྱིན་མི་འདུག། ཡོད་ཚད་བྲེལ་ཟིང་ཁོ་ན་ཡིས་བཅུམས་ཏེ་མདུན་དུ་འགྲོ་བཞིན་མཆིས།

སྟོན་ཁ་འདིར། རྨི་མི་ཐུབ་པའི་རྨི་ལམ་དེ་དང་ཁ་ཐག་ཇེ་རིང་གྱུར་ལ། ངང་སྒུག་ཁྲི་ཕྲག་རྗེས་ཀྱི་ཐུག་འཕྲད་དེ་ཡང་རླུང་གིས་རྒྱང་དུ་ཁྱེར། ད་ལྟའི་སྟོན་ཁ་འདིར། ང་ལ་མཆིས་པ་ནི་རྒྱབ་གཟུགས་མག་མོག་འོག་གི་གྲིབ་མ་དེ་རེད། གྲིབ་མ་དང་འགྲོགས་པའི་སུན་སྣང་དག་ཀྱང་རེད། འཁྱག་ཤུར་ཤུར། གྲང་ཤུར་ཤུར། སུན་སྣང་གི་རླུང་བུ་ཤུར་ཤུར་ལྡང་། ཡོད་ཚད་ལ་སྙིང་པོ་ཅི་ཡང་མེད་པའི་ཚོར་བ་ཞིག་ལུས་ཀྱི་ཤ་གསེང་ནས་མཆེད་པར་བྱེད་དོ། །

སྟོན་ཁ་འདིར། ཉི་མ་ཚ་གདུག་གིས་ཤར་ཅིང་ནུབ་པར་གྱུར་ཀྱང་། སྟོན་རླུང་ཤུར་ཤུར་དུ་ལྡང་ཞིང་འཇགས་པར་གྱུར་ཀྱང་། བུད་མེད་གཞོན་ནུ་ཡིས་སྒེག་ཉམས་ཀྱིས་སྟངས་སྟབས་ཇི་ལྟར་བྱས་ཀྱང་། དེ་ལ་མིག་ཟུང་གི་མདའ་རྩེ་གཏད་མཁན་དབེན་ལ། ཡོད་ཚད་སོས་མི་དལ་བ་རྨིས་པའི་འཇིག་རྟེན་ལ་གཡེངས་ནས་འདུག་གོ། །

སྟོན་ཁ་འདིར། མི་རྣམས་བྲེལ་ཟིང་གི་བྱེ་མའི་འཆིང་རྒྱར་ལྷུང་། སྙིང་གཏམ་གྱི་སྐྱིད་ཆུའི་མཚོ་མོ་རེ་ཞིག་སྐམ་དུ་གྱུར། སྙན་ངག་གི་ལྷ་ཆེན་ཚངས་པ་ཉིན་བཞིན་གཉིད་དུ་ཡུར། ལྷིང་འཇགས་ཀྱི་རྩྭ་ཐང་སྟེང་དུ་རྡུལ་དམར་འུར་འུར་ལྡང་། སྟོན་ཁ་འདིར། ཚེ་སྲོག་གི་དར་ལྕེ་ཕྲ་མོ་ཇི་ལྟར་འཛད་ནས་འགྲོ་བ་ལ་བསམ་བློ་གཏོང་ཁོམ་ཡང་མེད་པར་གྱུར། ཐ་ན་བྱམས་པའི་པང་ཁུག་ནས་རང་དབང་གི་ལུག་ཁྱུ་འཚོ་བའི་སྐལ་བཟང་ཡང་ཉུང་ནས་ཉུང་དུ་གྱུར།

སྟོན་རླུང་དལ་བུར་ལྡང་བའི་སྟངས་སྟབས་ཁྲོད། ངེས་མེད་ཀྱི་ལོ་འདབ་རླུང་གིས་འཕྱོ་ལྡིང་བྱེད། ཉི་ཟེར་འཇམ་པོའི་ནང་གི་གཞོན་ནུ་མ་དེ་ཡི་སྐྲ་ལོ་རླུང་གིས་ཅི་ཙམ་བསེད་ན་ཡང་། དེ་ལ་བརྟེན་ནས་མཛེས་སྡུག་གི་སྣང་བརྙན་མཐོང་བར་སུན་པོ་ཕྲན་ཙམ་བྱུང་སོང་། སྟོན་ཁ་འདི། ཅི་འདྲའི་སོས་མི་དལ་བའི་བྲེལ་རླབས་ཀྱི་དུས་ཚིགས་ཤིག་སྟེ། ངས་འཆར་ཡན་གྱིས་བཞེངས་པའི་འཇིག་རྟེན་དེ་ཡང་བསྐྲུན་པའི་དུས་ཚོད་ཀྱིས་དབེན་སོང་།

༼ ཚོར་སྦྲང་། ༽