国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྟོན་ཁ་དང་ང་ཡི་ ལས་སྐལ།

གངས་ཀྱི་འདབ་མ་རི་བོ་ཟོམ་དུ་འཐོར་འདུག །

སྨུག་པའི་དར་དཀར་ལྷབ་ལྷུབ་ཕྱོགས་སུ་རྒྱུ་སྟེ།།

ཕར་བལྟས་མིག་ལ་སྣང་བའི་མཛེས་པ་ཀུན་པོ།།

མ་བསུ་འཁྱུག་པ་སྟོན་གྱི་ལག་རྟགས་ཡིན་གྲང་།།

ཁུ་སིམ་སེམས་ཀྱི་ཚོར་བའི་ནགས་ཀླུང་སྟུག་པོ།།

གྲང་ངར་ཐེག་པའི་རླུང་བུས་ཡོམ་ཡོམ་བསྒུལ་ཏེ།།

སྟོན་ཁས་བསྣམས་པའི་དྲི་ངད་ཐར་ཐོར་རི་མོ།།

རང་བྱུང་ཡོལ་བ་བརྟོལ་ཏེ་སྣ་བར་བསྐྱལ་བྱུང་།།

སེམས་གཅོང་ན་བུན་ཐིབས་པའི་བུ་ཆུང་ང་ནི།།

ཁེར་རྐྱང་ཚོར་རིས་བྲན་པའི་གྲུ་ཆར་བསིལ་མ།།

དལ་གྱིས་འབབ་པའི་སྣང་བའི་རུམ་དུ་ལྷག་སྟེ།།

འདང་ནི་མ་གཡེང་ནམ་ཟླ་བརྒྱད་པར་ཐིམ་ཡོད།།

སྟོན་ཁའི་གྱེས་བྲལ་བྲིས་པའི་སྒྱུ་མའི་འཕྲུལ་པ།།

སེམས་ཀྱིས་མ་ཐེག་སྐྱོ་ཡུས་རིང་དུ་འཚེར་ཡོད།།

བས་མཐའ་རིང་པོར་ཉུལ་པའི་ལས་ཀྱི་སྐལ་བ།།

ཚེ་རབས་སྔོན་མའི་དགེ་སྡིག་གང་གི་ལན་ནམ།།

ས་འཛིན་ཁྱོན་ནི་གསེར་པོའི་རྒྱན་གྱིས་སྟར་ཏེ།།

ལམ་གྱི་འཁྲིས་སུ་བབས་པའི་ལྕང་སྡོང་ལོ་མས།།

སྟོན་རླུང་ཡོར་ཡོར་རུམ་དུ་གར་ལ་གཡེང་ཞིང་།།

གསང་བའི་གཏམ་རྒྱུད་ཅིག་གི་སྐྱོ་བ་སྲུང་འདུག།

ཤག་ཤག་སྒྲ་སྙན་གཙང་པོའི་ངག་གི་གཞས་ཏེ།།

ཁེར་རྐྱང་གསེར་ལོ་གང་དེ་རྒྱང་ལ་ཁུར་ནས།།

འགྲུལ་བཞུད་རིང་པོ་ཞིག་གི་ལམ་ལ་ཞུགས་ཏེ།།

ལོ་ཟླ་མོད་པོའི་ཕྲག་པར་ཁད་ཀྱིས་བརྒལ་སྲིད།།

ནམ་ཟླ་བརྒྱད་པར་ཁྲུང་ཁྲུང་མོན་ལ་འཕུར་དོན།།

སྟོན་ཁས་ཐེག་པའི་མ་སུབ་ལས་སྐལ་ཡིན་ནམ།།

ལྗང་ལོ་བཅོམ་ནས་འགོ་ལྕོག་ཐུར་དུ་སྒུར་དོན།།

སྡིགས་མོ་བད་ཀྱི་ངོམ་པའི་ཚུལ་གྱིས་ཡིན་ནམ།།

ང་ཡང་བས་མཐར་ཉུལ་ཏེ་ཁེར་རྐྱང་འཚོ་དོན།།

སྐྱེ་བ་གང་གིས་བསྟན་པའི་ལས་སྐལ་ཡིན་ནམ།།

མི་རྟག་དུས་ཚོད་མ་བརྟན་ལོ་འགྱུར་ཟླ་འགྱུར།།

མི་ཚེའི་འགྲུལ་བཞུད་རིང་པོ་གང་དུ་རྫོགས་སམ།།

༼ སྨྱུ་གུ་ཕྲ་མོ། ༽