国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྟོན་ཟླ་བརྒྱད་པའི་ མཛེས་སྡུག

དྲི་བྲལ་ཨ་སྔོན་དག་པ་ཡིད་འོང་ལྡན།།

སྤྲིན་དཀར་ཕང་ཕུང་མཛེས་པའི་གར་དུ་གཡོ།།

ཉི་གཞོན་གསར་པའི་དྲོད་ཁུལ་གུར་ཁང་འོག།

སྟོན་ཟླ་བརྒྱད་པའི་དཔལ་ཡོན་མཛེས་པ་མངོན།།

ལྗང་གཞོན་རིན་ཆེན་གཡུ་ཞུན་བྱུག་འདྲ་ཞིང་།།

ཡངས་པའི་སྤང་ཐང་སྔོ་བའི་མདངས་ཀྱིས་ཁྱབ།།

མེ་ཏོག་དུད་པའི་མགོ་ལྕོག་རླུང་གིས་ལྡེམ།།

ཞིམ་པའི་དྲི་བསུང་སྣ་ལམ་བཅུད་དུ་འཐིམ།།

ལྡེམ་ལྡེམ་རྩྭ་སྐྱ་འཇག་མས་ཤུགས་གླུ་གྱེར།།

ལྗོན་ཤིང་གསེབ་ནས་བྱ་བྱེའུས་གསུང་སྐད་སྒྲོག།

སྟོན་གྱི་འདབ་ལོ་སེར་ཆེན་ཕྱོགས་བཞིར་ལྷུང་།།

ཚོར་བའི་སྣང་བ་གཡོ་བའི་སྟོན་ཟླ་མཛེས།།

དྭངས་པའི་ཤང་ཤང་ཆུ་བོའི་རླབས་སྒྲ་སྙན།།

ཁོར་ཡུག་ལུས་ཟུངས་བརྟས་པའི་སྨན་དུ་བསྟིམ།།

ཡིད་འོང་ས་མཐོ་དྭངས་གཙང་སྟོན་ཟླ་འདིར།།

མཛེས་པའི་བཅོས་མའི་ངང་ཚུལ་དཔལ་དུ་བརྗིད།།

སྟོན་ཟླའི་ལོ་འབྲས་རབ་རྒྱས་ཡུལ་སྡེ་ཀུན།།

སྟོན་ལོ་སྡུད་བཞིན་སྣང་སེམས་གླུ་རུ་གྱེར།།

མགྲིན་སྔོན་ཅན་གྱིས་གླུ་དབྱངས་དེ་ཡང་སྙན།།

སྟོན་ཟླ་བརྒྱད་པར་འགྲན་ནུས་གང་ཞིག་མཆིས།།

བཟང་གསུམ་དཔལ་རྒྱས་གཟི་བྱིན་རབ་འབར་ཏེ།།

མཐོ་སྒང་མཛེས་ཀུན་རྫོགས་པའི་ཞིང་ཁམས་སུ།།

ཁྱད་མཚར་རང་བྱུང་མཛེས་པའི་ཟླ་གདོང་བཞིན།།

དཔལ་ཡོན་ཆུ་སྐྱེས་འཛུམ་པའི་རླབས་རིས་ངེས།།

༼ སྙན་རྐང་གླིང་། ༽