ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ10པའི་ཚེས7ཉིན་གློག་འཕྲིན་འབྱོར་གསལ། ཚེས7ཉིན་གསར་འགོད་པས་པེ་ཅིང་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་པེ་ཅིང་དུ་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི2345ལ་སྣེ་ལེན་བྱས་པ་དང་།ཡུལ་སྐོར་ལ་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར294.9མངོན་འགྱུར་བྱུང་བ་རེད། དེའི་ནང་རྒྱལ་ཁོངས་ནང་ཡོང་བའི་ཡུལ་སྐོར་བ་ཁྲི12.6ལ་སྣེ་ལེན་བྱས་ཤིང་ཡོང་འབབ་སྒོར་དུང་ཕྱུར13.7མངོན་འགྱུར་བྱུང་བ་རེད།
དན་གྲངས་ལས་མངོན་པར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་པེ་ཅིང་དུ་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་མདུན་གྲལ་བཅུའི་ལྗོངས་ཁུལ་དང་ས་ཁུལ་ནི་ཝང་ཧྥུ་ཅིན་དང་ལིའང་མཱ་གཙང་པོ་རྒྱལ་སྤྱིའི་ཡུལ་སྲོལ་ཆུ་ངོགས།ཨོ་ལིམ་ཕིག་གླིང་ག།ཞིས་ཏན། གནམ་བདེ་སྒོ་མོ་ཆེའི་ས་ཁུལ།ཆན་མོན་ཁྲོམ་གཞུང་ཆེན་མོ། ཐེན་ཐའེ་གླིང་ག། ཧྲི་ཁྲ་ཧའེ་ལྗོངས་ཁུལ།ནན་ལུའོ་ཀུའུ་སྲང་ལམ། དབྱི་ཧོ་ཡོན་གླིང་ག་བཅས་ཡིན་པ་རེད།
ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་པེ་ཅིང་དུ་ཁྱད་ཆོས་རིག་གནས་ཡུལ་སྐོར་བྱེད་སྒོ3000ལྷག་སྤེལ་བ་དང་། གསར་བརྗེའི་ཞིབ་སློབ་དང་ཆུ་ངོགས་མཚན་སྐོར། པེ་ཅིང་ཁྱད་ཆོས་རིག་གནས་ཡུལ་སྐོར་བྱེད་སྒོ། གཟུགས་མེད་རིག་གནས་ཤུལ་བཞག་མྱོང་རོལ་སོགས་རྣམ་པ་གསར་པ་བཏོན་པ་རེད། འགྲན་སྡུར་དང་འཁྲབ་སྟོན་སྒྱུ་རྩལ།ཚོང་འདུས།འགྲེམ་སྟོན་སོགས་རིག་གནས་དང་ཚོང་ལས།ཡུལ་སྐོར།ལུས་རྩལ་སོགས་སྣ་མང་ལས་རིགས་ལ་ཤུགས་བསྣན་ཏེ།སྒོ་འཛིན་དང་བཟའ་སྡོད།རིག་འཆར་སིལ་འཚོང་སོགས་ལྷུ་ལག་ཆ་ཚང་སྒྲིག་པའི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས་ཤིང་།དངུལ་འཛིན་དཔལ་འབྱོར་གྱིས་གུང་གསེང་རིག་གནས་ཡུལ་སྐོར་ཁྲོམ་ར་ལ་གསོན་ཤུགས་གསར་པ་བསྣན་པ་རེད།
གུང་གསེང་རིང་པེ་ཅིང་དུ་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་རིགས་ཁྱོན368ཀྱི་ཐེངས2329འཁྲབ་པ་དང་།ལྟད་མོ་བ་ཁྲི69ཙམ་ལ་ཟིན་ཞིང་། འཛིན་ཡིག་བཙོང་ཚད་སྒོར་དུང་ཕྱུར2.3ལ་ཟིན་པ་རེད། གཙོ་དོན་འགྲེམ་སྟོན་དང་ཟློས་གར་རྩེ་གྲ།འཁྲབ་སྟོན་ཆེ་གྲས་བཅས་རེས་སྐོར་འཁྲབ་སྟོན་བྱས་ནས་ཡུལ་མི་དང་ཡུལ་སྐོར་བར་གུང་གསེང་གི་རིག་གནས་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།
གཞན་ཡང་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཁང་དང་སྤྱི་པའི་དཔེ་མཛོད་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་གཞི་ཡིས་དཔེ་ཀློག་རྒྱ་ཆེར་སྤེལ་བ་དང་གཟུགས་མེད་རིག་གནས་ཤུལ་བཞག་མྱོང་རོལ།རིག་རྩལ་འཁྲབ་སྟོན་སོགས་དམངས་ཕན་རིག་གནས་བྱེད་སྒོ་ཁག986དང་ཐེངས1104སྤེལ་ཏེ་རིམ་རྩིས་བྱས་ན་མི་གྲངས་ཁྲི55.26ཞུགས་ཡོད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
