ཉེ་ཆར། ལི་ཐང་རྫོང་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་བརྒྱུད་འཛིན་པ་རྣམས་ཧང་ཀྲོའུ་གྲོང་ཁྱེར་ཆན་ཅང་ཆུས་པའེ་ཡང་སྲང་ལམ་ལིང་ཡུན་སྡེ་ཁུལ་དུ་བསྐྱོད་ནས། རིག་གནས་ཤུལ་བཞག་གི་སི་ཁྲོན། གྲོང་ཁྱེར་བརྒྱ་ཡི་སྒྱུ་རྩལ་བརྒྱ་ཞེས་པ་གཙོ་དོན་དུ་བྱས་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་རེད།
ལི་ཐང་རྫོང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་ཆ་སྙོམས་མཚོ་འཕགས་སྨི4300ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ14352ཡོད་ཅིང་། རྫོང་སྲིད་གཞུང་མཐོ་གྲོང་གྲོང་རྡལ་དུ་ཆགས་ཡོད། རྒྱུན་སྡོད་མི་གྲངས་ཁྲི་བདུན་ལྷག་ཡོད་ཅིང་བོད་རིགས་དང་རྒྱ་རིགས། སོག་རིགས་སོགས་མི་རིགས་དགུ་འཚོ་སྡོད་བྱེད་བཞིན་ཡོད། ལི་ཐང་རྫོང་ལ་རྟ་རྩལ་གྱི་ཕ་ས་དང་གླིང་གེ་སར་རྒྱལ་པོས་ཕྱོགས་བཞིའི་དགྲ་བོ་འདུལ་བའི་ཕ་ས། གེ་སར་གྱི་མི་རྒྱུད་དར་ས། རྟ་ཐོག་གི་མི་རིགས། ཁམས་པའི་ཕོ་རྒོད་འདུས་གནས་བཅས་ཀྱི་མཚན་སྙན་ཡོད། ལི་ཐང་ཞེས་པའི་མིང་གི་འབྱུང་ཁུངས་ཀྱི་བཤད་སྲོལ་གཅིག་ནི་ལི་ཆུའི་སྟོད་རྒྱུད་དུ་ཡོད་པའི་ཐང་ཆེན་དེ་ལ་ཟེར་བ་དང་། བཤད་སྲོལ་གཞན་ཞིག་ནི་ལིའི་མེ་ལོང་དང་མཚུངས་པའི་ཐང་ཆེན་དེ་ལ་ཟེར་བ་རེད། ལི་ཆུ་ནི་ཉག་ཆུའི་ཆུ་ལག་སྟེ་མུ་ལི་རང་སྐྱོང་རྫོང་ནས་ཉག་ཆུར་འབབ། ལི་ཐང་འབུམ་ར་ཞེས་པའི་རི་བོ་གྲགས་ཅན་དང་། འབུམ་ཡག་ཐང་། མདོ་སྡེ་ཐང་སོགས་མིང་གྲགས་ཆེ། ཤར་ན་བྲག་དཀར་གནས་རི་དང་། ལྷོ་ན་སོག་དུང་གནམ་ལྕགས་ཕྲ་མོ། ནུབ་ན་དགེ་བསྙེན་གནས་རི། བྱང་ན་རྨ་ཆེན་འབུམ་ར་སོགས་ཀྱིས་བསྐོར་ནས་ཡོད། གནའ་སྔ་མོ་ནས་བཟུང་སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ཚོང་འདུས་གལ་ཆེན་ཞིག་ཡིན་པ་དང་། ཐང་རྒྱལ་རབས་ནས་བཟུང་ཇ་འདྲེན་བདལ་ལམ་གྱི་གྲོང་རྡལ་གལ་ཆེན་ཞིག་ཏུ་གྱུར་ཡོད། དཀར་མཛེས་ཁུལ་གྱི་ཁམས་ལྷོ་ཕྱོགས་ཀྱི་ལྟེ་གནས་གྲོང་ཁྱེར་ཞིག་ཡིན་པའི་རྫོང་འདིར་ཁམས་ལྷོའི་རིག་གནས་ལྟེ་གནས་དང་། ཚོང་དོན་ལྟེ་གནས། ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་བཅས་གཞི་གཅིག་ཏུ་འདུས་ཡོད།
ཐེངས་འདིའི་དྲིལ་སྒྲོག་བྱེད་སྒོ་ནི་དམངས་སྲོལ་རིག་གནས་དང་། སྐོར་བྲོ། གླུ་གར། མི་རིགས་གྱོན་ཆས་འཁྲབ་སྟོན། དངོས་མང་ཤུལ་བཞག་བཤམས་སྟོན། བརྒྱུད་འཛིན་པའི་བགྲོ་གླེང་སོགས་ཀྱི་ལེ་ཚན་བརྒྱུད་ནས་ཆན་ཐང་གི་མང་ཚོགས་རྣམས་གྲོང་ཁྱེར་དུ་བསྡད་ནས་མཚོ་འཕགས་སྨི4300ཡོད་པའི་མཐོ་སྒང་ནས་བྱུང་བའི་གཟུགས་མེད་རིག་གནས་ཤུལ་བཞག་ལ་མྱོང་རོལ་ཐུབ་པར་བྱས་ཏེ། སི་ཁྲོན་དང་ཀྲེ་ཅང་བར་གྱི་རིག་གནས་ཕན་ཚུན་སྤེལ་རེས་བྱེད་པའི་ཟམ་པ་བསྐྲུན་ཡོད།།( ཨོ་རྒྱན་གྱིས་བསྒྱུར།)
