国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཞིང་གི་བསྟན་བཅོས་སོ་ནམ་རྒན་པོའི་ཕྱག་རྗེས་ཞེས་པའི་ ཚན་པ་ཞིང་པའི་སྲོལ་རྒྱུན་གྱི་ཁྱིམ་གཞིས་སྐྱོང་ལུགས།

ཧོར་ཁོག་ཟླ་བཟང་།

(《ཁམས་པའི་འཛུམ་མདངས།》སྤྱིའི་འདོན་ཐེངས་ལྔ་བརྒྱ་ཉེར་བརྒྱད་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)

དུས་རབས་སྔ་མར་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་མ་བྱེད་གོང་ལ་ཏྲེ་ཤོད་ལུང་པའི་ཞིང་པ་དུད་ཚང་ཆེན་པོ་ལ་བཟའ་ཚང་མི་གྲངས་བཅུའི་ཡན་དང་ཆུང་ཤོས་ལའང་མི་གྲངས་ལྔ་དྲུག་ལས་ཉུང་བ་ཧ་ཅང་དཀོན། དེ་ལ་རྒན་པ་ཨ་མྱེས་ཨ་ཡས་ཞེས་ཕ་མའི་ཕ་མ་དང་ཨ་ཁུ་ཨ་ནེའམ་ཨ་ཞང་ཨ་སྲུ་ཞེས་ཕ་མའི་སྤུན་མཆེད་དུ་མ་དགོན་དུ་གྲྭ་པ་དང་ཇོ་མོ་བྱེད་པའམ་ཡང་ན་ཁྱིམ་ན་མི་རྐྱང་འདུག་ཡོད་པ་ལས་གཞན་གཙོ་བོ་ཉག་ཉོག་མང་བ་སྟེ་ཁྱིམ་ཚང་གཅིག་ཏུ་ཉུང་ཤོས་ལ་བུ་རྒྱུད་ལྔ་དྲུག་དང་མང་པོར་བཅུ་གྲངས་ཡོད་མཁན་མི་ཉུང་ཞིང་། ཁྱིམ་ཚང་ལ་ལའི་དུད་མིང་ལའང་བུ་དགུ་ཚང་དང་བུ་མོ་སྤུན་དྲུག་ཚང་ལྟ་བུ་ཐོགས་ཡོད། མི་ཚོའི་བཟའ་ཚང་ནང་གི་ཕན་ཚུན་བར་གྱི་འབྲེལ་མིང་འབོད་སྟངས་ལ་ས་ཆ་གཞན་པ་རྣམས་དང་ཅུང་ཟད་མི་འདྲ་བར་ཡོད་པར་མ་ཟད། ས་ཕྱོགས་རང་གི་ཡུལ་སྟོད་སྨད་བར་གསུམ་དུའང་བྱེ་བྲག་གི་ཁྱད་པར་ཕྲན་བུ་རེ་ཡོད། མང་ཆེ་ཕྱོགས་ཀྱི་འགྲོ་ལུགས་ལྟར་བྱས་ན། རང་གི་མ་ལ་ཨ་མ་དང་ཕ་ལ་ཨ་ཕ། མའི་མིང་པོ་ལ་ཨ་ཞང་དང་མའི་སྤུན་ཡ་ལ་ཨ་སྲུ། ཕའི་ཤ་ཉེ་ལ་ཨ་ཁུ་དང་ཕའི་སྲིང་མོ་ལ་ཨ་ནེ། ཕ་མ་གཉིས་ཀའི་ཕ་ལ་ཨ་མྱེས་དང་མ་ལ་ཨ་ཡས་བཅས་འབོད་ཅིང་། དེ་དག་ལ་མནའ་མས་ཁྱོ་གའི་ཅི་འབོད་བཞིན་དང་མག་པས་ཆུང་མའི་གང་འབོད་ནང་ལྟར་འབོད་ལ། དོན་ལའང་རང་གི་ཕ་མེས་དངོས་ལ་བརྩིས་ཏེ་སྐྱོང་པའི་ལུགས་སྲོལ་ཆགས་ཡོད། བུ་མོའི་ཁྱོ་ག་ལ་མག་པ་དང་བུའི་ཆུང་མ་ལ་མནའ་མ་ཟེར། ཕ་མ་གཅིག་པའི་བུ་རྒྱུད་བར་ལ་ཕོ་ཡིས་ཕོ་ལ་ཤ་ཉེ་དང་མོ་ལ་སྲིང་མོ། མོ་ཡིས་ཕོ་ལ་མིང་པོ་དང་མོ་ལ་སྤུན་ཡ་འབོད་ཅིང་། ཤ་ཉེ་དང་མིང་པོ་རང་ལས་ཆེ་བ་ལ་ཇོ་བོ་དང་ཆུང་བ་ལ་ནུ་བོ། སྲིང་མོ་དང་སྤུན་ཡ་རང་ལས་ཆེ་བ་ལ་ཨ་ཅེ་དང་ཆུང་བ་ནུ་མོ་ཟེར། ཕ་མས་རང་གི་བུ་རྒྱུད་ལ་བུ་བུ་མོ་དང་། ཡང་རྒྱུད་ལ་ཚ་བོ་ཚ་མོ། དེའི་བུ་རྒྱུད་ལ་ཡང་ཚ་འབོད། རྒན་པ་ཚོས་རང་གི་ཕུ་ནུ་མིང་སྲིང་གི་བུ་དང་བུ་མོ་ལ་ཚ་བོ་ཚ་མོ་དང་། བུ་རྒྱུད་ཚོས་རང་གི་ཕ་མའི་ཕུ་ནུ་མིང་སྲིང་གི་བུ་བུ་མོ་ལ་ཕ་མ་གཅིག་པའི་ནང་ལྟར་འབོད་སྲོལ་ཡོད། ཁྱིམ་ཚང་ཞིག་ལ་བུ་སྐྱེས་ན་རྡོ་དཀར་པོས་ཐོ་སློང་། ཨ་ཀམ་དཀར་པོས་མེ་སྦར་ཏེ་ཤིན་ཏུ་རྩ་ཆེན་དང་དགའ་སྤྲོ་བྱེད་སྲིད་མོད། འོན་ཀྱང་བུ་མོ་སྐྱེས་ནའང་གཙིགས་ཆེན་དང་གཅེས་སྐྱོང་བྱེད་པ་ལས་ཡལ་བར་འདོར་བའམ་མཐོང་ཆུང་སྣང་མེད་བྱེད་མཁན་ཡེ་ནས་མེད། སྐྱེས་པ་བུ་མོའི་ཁྱིམ་ལ་འགྲོ་བ་ལ་མག་པ་འགྲོ་དང་བུ་མོ་ཁྱོ་གའི་ཁྱིམ་དུ་ཁྲིད་པ་ལ་མནའ་མ་འཁྲིད་ཟེར། བུ་དང་བུ་མོ་མག་པ་དང་མནའ་མར་འགྲོ་སྐབས་རྒྱན་གོས་འབྲུ་རིགས་རྟ་ནོར་སོགས་རྒྱུ་ནོར་ངེས་ཅན་མཉམ་དུ་སྐལ་རྫོངས་སྟེར་སྲོལ་ཡོད་ཀྱང་དེ་ནི་ཕ་མས་ཁྱིམ་གྱི་འཁོས་ཀའི་གནས་ཚུལ་དང་བསྟུན་ནས་རང་མོས་སུ་སྟེར་པ་ལས་ངེས་པར་དུ་ཁ་གང་དགོས་པའི་ཚད་དང་མ་བྱིན་ཐབས་མེད་པའི་སྲོལ་ནི་མ་ཡིན། མནའ་མ་མག་པ་འཁྲིད་ཁར་ཚུར་ཕྱོགས་ཀྱིས་བསུ་མཁན་རྣམས་ལ་ཕར་ཕྱོགས་ཀྱི་ཁྱིམ་གྱི་ཕ་མ་ལ་རྔུལ་ལེན་སྤུས་ཀ་ཅན་ལྟ་བུ་སོགས་འབབ་ཁ་སྐུར་སྲོལ་དང་བག་ལོག་སྐབས་བག་སློག་ཁྱེར་པའི་སྲོལ་ཡོད་ཀྱང་། དངུལ་དང་རྒྱུ་ནོར་མང་པོ་སྟེར་ན་མོ་རིན་ཤོར་བ་དང་བུ་མོ་བཙོང་བ་ཞེས་ཕྱོགས་གཉིས་ཀ་ལ་ངོ་ཚ་དགོས་པའི་དོན་ཞིག་ཏུ་རྩི་ཞིང་། ལུང་པར་རྩྭ་ཕྱེད་ཆུ་ཕྱེད། ཡུལ་གྲུར་ཕོ་ཕྱེད་མོ་ཕྱེད་ཅེས་དང་། ནམ་མཁའི་བྱ་ལ་བྱ་རོགས་དང་ས་འོག་འབུ་ལ་འབུ་རོགས་རྙེད་ཀྱང་དེ་ཚོས་རང་དང་འཚམས་པའི་རོགས་ཤིག་ཅིའི་ཕྱིར་མ་རྙེད་ཅེས་ཕོ་རིན་དང་མོ་རིན་སྤྲད་པ་ནི་ཡུལ་མི་ཀུན་གྱི་འཕྱ་སྨོད་བྱེད་ཡུལ་དུ་གྱུར་སྲིད། དོན་དུའང་དཔེར་ན་རྫོང་གི་ལོ་རྒྱུས་ལོ་དེབ་ཏུ1990ལོར་མི་གྲངས་སྡོམ་རྩིས་བྱས་པ་ལས་སྐྱེས་པ་ཕོས་སྤྱིའི་མི་གྲངས་ལས་བརྒྱ་ཆ་ཞེ་དགུ་དང་ཚེག་བཞི་གཉིས་དང་ཟ་མ་མོས་མི་གྲངས་སྤྱིའི་བརྒྱ་ཆ་ལྔ་བཅུ་དང་ཚེག་ལྔ་དགུར་ཟིན་ཡོད་པར་བརྗོད་པ་བཞིན་ཡུལ་ཕྱོགས་སྤྱི་ལ་ཕོ་མོའི་མི་གྲངས་དོ་མཉམ་ཞིང་གཅིག་གིས་གཅིག་ལ་རིན་པ་སྤྲད་ནས་ཉོས་ན་མ་གཏོགས་མི་རག་པར་འགྱུར་མེད། དེ་ནི་ཡུལ་སྤྱིར་བུ་དང་བུ་མོ་གང་སྐྱེས་ཀྱང་མཁུར་བ་ལ་དཀར་ནག་དང་མིག་ཟུང་ལ་གཡས་གཡོན་མི་འབྱེད་པའི་ལུགས་སྲོལ་བཟང་པོ་ཡོད་པའི་འབྲས་བུ་ཞིག་ཡིན་ངེས་རེད་བསམས། བུ་དང་བུ་མོ་རང་འདོད་ལྟར་འདྲིས་པ་ཡིན་ན་ཐོག་མར་འགྲོགས་དུས་བརྩེ་ཞེན་ཡོད་པའི་དན་རྟགས་སུ་ལྷམ་སྒྲོག་དང་མཛུབ་དཀྲིས་ལྟ་བུ་རྒྱུན་དུ་ལུས་དང་འགྲོགས་པའི་ཅ་ལག་ཆུང་ངུ་བརྗེ་རེས་བྱེད་པའམ་ཡང་ན་གཅིག་གིས་གཅིག་ཕྱོགས་ལ་སྟེར་སྲོལ་ཡོད། དེ་དང་ཐད་ཀར་འབྲེལ་བ་ཡོད་མེད་མ་ཤེས་ཀྱང་གནའི་ལྷ་མོའི་རྣམ་ཐར་རྙིང་པ་རུའང་ལྷ་དབང་ཕྱུག་གི་བུ་མོ་དང་སྲིན་པོའི་བུ་གཉིས་ཀྱིས་ཕན་ཚུན་གྱི་ཞེན་ཆགས་ཆེན་པོའི་མཚོན་བྱེད་དུ་ལྷམ་སྒྲོག་བརྗེ་རེས་བྱས་པ་བྲིས་ཡོད་པར་བཤད། མཉམ་དུ་སྡོད་པའི་དུས་མནའ་བཞག་ཅེས་ཐོག་མར་མཉམ་དུ་ཤ་ཤག་པོའམ་གཉེན་ཉེ་མཛའ་ཞིག་གི་ཁྱིམ་དུ་འགྲོ་ཞིང་། འགྲོ་ས་དེས་ཁག་གཉིས་ཀྱི་ཁྱིམ་ཚང་ལ་ཡིན་ལུགས་མིན་ཚུལ་གྱི་གནས་ཚུལ་རྣམས་བཤད་དེ་ཕྱོགས་གཉིས་ཀས་བློ་བབས་ཡོད་མེད་སོགས་ཀྱི་གྱོད་བཤད་དགོས། བུ་དང་བུ་མོའི་ཕྱོགས་གཉིས་སམ་གཅིག་གི་ཁྱིམ་ཚང་བློ་ལ་མ་བབས་ནས་བཀག་རྒྱ་བྱས་ཀྱང་ཕལ་ཆེར་ཁེགས་དཀའ་ལ། རྒྱ་ལ་སོ་སོར་ཕྱེ་གྱུར་ན་ཕོ་མོ་གཉིས་ལས་སུ་འགྱུར་བར་སོང་བ་དེས་ཅིག་ཤོས་ལ་སྔར་ཕན་ཚུན་མི་འགྱུར་བའི་འབའ་ལ་དངུལ་ལམ་རྒྱུ་ནོར་ཇི་ཙམ་བཞག་ཡོད་ན་དེ་བཞིན་དུ་སྤྲད་དགོས་ཐུག་པ་ཡོད།

ཁྱོ་ཤུག་གཉིས་ཟུར་དུ་གཞིས་གསར་པ་འཛུགས་པ་ལ་གཞིས་གསར་རྡོ་ཐོག་མེ་འབུད་ཅེས་ཕྱོགས་གཉིས་ཀའི་ཁྱིམ་གྱིས་ཅི་འབྱོ་གང་འབྱོ་དང་འཚོ་བའི་དགོས་མཁོ་རྣམས་འཐུས་ཚང་ཅི་ཐུབ་བྱས་ནས་སྐལ་བ་སྟེར་ཐོག་ཉེ་གཉེན་དག་གིས་ཀྱང་མཁོ་ལ་དགོས་ཆ་རྣམས་བྱིན་སྲིད། ཕ་དང་མ་ཡི་ཕྱོགས་གང་ཞིག་ལ་ནང་ངམ་གཉེན་གྱི་གཙོ་བོ་དང་ཅིག་ཤོས་ལ་ཕྱིའམ་གཉེན་ཕལ་བར་བཟུང་བའི་འདུ་ཤེས་མེད་ལ་བུ་ཡིས་ཁྱིམ་གཞིས་བཟུང་ཞིང་བུ་མོ་ཕྱིར་གནས་ལ་འགྲོ་དགོས་པའི་ངེས་པའང་མེད། ཁྱིམ་གྱི་མག་པ་མནའ་མ་ནི་བུ་དང་བུ་མོ་ཕན་ཚུན་འདོད་པ་ལྟར་ཉེ་བསྒྲིགས་པ་ཡོད་ཀྱང་མི་རྒན་པ་དག་གིས་ཐག་བཅད་པའང་མི་ཉུང་སྟེ། ཡུལ་མི་ཚོས་དེ་ལ་ཆོས་བཙུགས་ཟེར། ཆོས་བཙུགས་སྐབས་ཁྱིམ་ཕན་ཚུན་གཉིས་ཀས་གཟུགས་བཟང་ངན་སོགས་ཆ་རྐྱེན་མང་པོ་ལ་ཕྱིར་ལྟ་ནང་གཉག་གིས་བརྟག་དཔྱད་བྱེད་སྲིད་ཀྱང་གཙོ་བོ་རིགས་རུས་རྩ་རྒྱུད་དང་དུད་མིང་ཆེ་ཆུང་ལ་ཤིན་ཏུ་ནས་རྩ་ཆེན་གཙིགས་ཆེན་བྱེད་ཅིང་ཁྱིམ་རྒྱུད་ལ་མཛེ་ནད་ན་རིགས་ཡོད་པ་ལ་ཧ་ཅང་འཛེམས། དེ་དག་ལ་གཙིགས་ཆེན་བྱས་པའི་དམིགས་ཡུལ་ནི་རྒྱུ་འབྱོར་པ་དང་གཏམ་སྙན་གྲགས་ཀྱི་དོན་ཙམ་ལ་རེ་བའང་ཡོད་ཀྱང་། ཕལ་མོ་ཆེ་ལ་མཚོན་ན་གཙོ་བོ་མི་གཤིས་བཟང་པོ་དང་ཡ་རབས་ཚད་ལྡན་ཞིག་དང་འཕྲད་པའི་ཆེད་དུ་ཡིན། དེའི་རྒྱུ་མཚན་ལ་ལས་རྒྱུ་འབྲས་དང་ཚེ་ཕྱི་མའི་ཆེད་སོགས་ཆོས་ལུགས་ཀྱི་བསམ་བློ་ཡང་ལྡན་ཡོད་མོད། འོན་ཀྱང་ཚེ་འདིའི་རྒྱུ་ནོར་རྫས་གསོག་འཇོག་སོགས་འཇིག་རྟེན་མི་ཆོས་དང་ཡང་འབྲེལ་བ་ཤིན་ཏུ་ཆེ་སྟེ། གནའི་དུད་ཆེན་ནོར་ལྡན་ཕལ་མོ་ཆེ་ནི་ཕ་རྩ་བུ་རྒྱུད་རིང་དུ་རྒྱུན་བསྐྱངས་ནས་བྱུང་བ་ཡིན་ལ། མི་ཚེ་མི་རབས་ལ་ཕྱུག་པོ་ཡོང་བ་ལ་མི་ལ་ཐབས་དང་སྐོར་གཡེང་ཡོད་པ་ཙམ་གྱིས་མི་ཆོག་པ་དེ་ལས་ཀྱང་གལ་ཆེ་བ་ནི་ཁྱིམ་ལ་ངེས་པར་དུ་འགན་འཁྲི་དང་ལས་འགན་འཁུར་ཞིང་གཞན་གུས་རང་བརྩི་དང་རྒན་བཀུར་ཆུང་སྐྱོང་བྱེད་པའི་ལུགས་སྲོལ་གོམས་གཤིས་སོགས་ཀྱི་རིག་གནས་བཟང་པོ་ཐུན་མོང་མ་ཡིན་པ་ཞིག་ཡོད་དགོས། མི་ལ་ཐབས་དང་སྐོར་གཡེང་རྒོད་པོ་ཡོད་པ་ཙམ་གྱིས་གནས་སྐབས་སུ་འབྱོར་ལྡན་ཙམ་དུ་གྱུར་སྲིད་ཀྱང་གལ་ཏེ་ཁྱིམ་ལ་ཁྱིམ་རྒྱུད་ཀྱི་ལུགས་སྲོལ་རིག་གནས་བཟང་པོ་མེད་ན་མི་རབས་ནས་མི་རབས་མཐུད་པའི་ཁྱིམ་རྒྱུད་ཕྱུག་པོ་ཡོང་མི་ཐུབ། དུད་ཚང་ཁ་འབར་བ་ནི་རྐུ་ཇག་འཕྲོག་གསུམ་དང་། གཡོ་སྒྱུ་ཁྲམ་གསུམ། ཤོ་སྦག་རྒྱལ་སྐུག། མགོ་གཡོག་མགོ་སྐོར། མགོ་བདེ་གླགས་ཚོང་། ལྐོག་གཡོ་ངན་ཇུས་སོགས་དང་། ཁྲ་གླག་སྤྱང་གསུམ། དཀའ་སྤྱོད་འབད་བརྩོན། སྡུག་དཀའ་ལས། ལམ་འགྲོ་ཐོལ་བྱུང་། འབད་མེད་གྲོག་འཕྲད་སོགས་མིའི་ཐབས་དང་སྐོར་གཡེང་བཟང་ངན་རིས་སུ་མེད་པ་ཙམ་ལས་འབྱུང་མོད། འོན་ཀྱང་ཁྱིམ་ལ་ལུགས་སྲོལ་བཟང་པོ་དང་ཡ་རབས་སྤྱོད་བཟང་མ་ལྡན་པས། ཤོ་སྦག་རྒྱག་པ། ལོངས་སྤྱོད་བག་མེད་པ། ཁྲིམས་སྒྲིག་ལམ་མ་སྲུང་པ་ལ་ཆད་པ་ཕོག་པ་སོགས་མི་ཆོས་ཚུལ་དང་མི་མཐུན་པའི་ལས་ཀྱི་གྱོང་གུན་དབང་གིས་ཡུན་རིང་ན་ཕའི་ཚེ་ལ་ཕྱུག་པོ་གནམ་ལ་རེག་པར་འཕེལ་ཡང་བུའི་རིང་དུ་སྤྲང་ཁ་ཁྱི་ཡིས་མི་བལྡག་པར་བརླགས་པ་དང་། ཐུང་ན་དེ་རིང་ཟས་ནོར་ལོངས་སྤྱོད་རྒྱལ་པོའི་ཁ་གཏད་ལངས་ཐུབ་ཀྱང་སང་ཉིན་ཁ་ཕོར་བ་གཞན་ལ་བཟེད་དགོས་ཐུག་པར་བཟོ་ངེས་ཡིན་ལ་བཟོས་པ་ཡང་མཐོང་ཐོས་བགྲང་གིས་མི་ལོང་། མི་ཚོ་ཕ་ཚེ་བུ་རྒྱུད་དུ་ཕྱུག་པོར་གྱུར་པ་ལ་རྒྱུ་རྐྱེན་ཐུན་མོང་མ་ཡིན་པ་ཡོད་པ་ལ་ཡིད་ཆེས་བྱེད་པའི་བསམ་བློའི་རྒྱབ་རྟེན་གཞན་ཞིག་ནི། གནའ་ནས་ད་བར་མི་རྗེ་བཙན་པོ་སོགས་ཀྱིས་ཕྱུག་པོ་བཅོམ་ནས་དབུལ་པོ་བསྐྱོར་བའི་དབུལ་ཕྱུག་དོ་སྙོམས་བྱས་ཀྱང་མཐར་ཕལ་མོ་ཆེ་ནི་ཕྱུག་པོ་སླར་ཡང་ཕྱུག་ཏུ་གྱུར་ལ་དབུལ་པོ་སྔར་བཞིན་དབུལ་ན་གནས་པ་མང་པོ་མཐོང་ཐོས་གྱུར་པ་དེ་ཡིན་ཏེ། མི་ཚོས་དེའི་རྒྱུ་མཚན་རྩ་བ་ནི་སོ་སོའི་བསོད་ནམས་ཀྱི་སྟོབས་མ་འདྲ་བ་ལས་བྱུང་ལ། བསོད་ནམས་ཀྱི་སྟོབས་དེའང་ལྷ་ཡིས་བྱེད་པ་དང་བཙན་པོས་གནང་བ་སོགས་གཞན་ལས་བྱུང་བ་ཞིག་ཡེ་ནས་མིན་གྱི་དེ་ནི་རང་ངོས་ནས་དངོས་ཡོད་ཀྱི་རྟེན་འབྲེལ་གནས་ལུགས་ལྟར་བསྒྲུབས་ཏེ་བསོག་དགོས་པ་ཁོ་ན་ཞིག་ཡིན་སྟབས། ཁྱིམ་ལ་དེ་ལུགས་ལྟར་བྱེད་པའི་བསམ་བློ་དང་སྤྱོད་པ་མ་ལག་ཚང་བའི་ཁྱིམ་གྱི་རིག་གནས་ལྡན་པར་མ་ཟད། རིག་གནས་དེ་ཕ་ཡིས་བུ་དང་བུས་ཚ་བཞིན་བརྒྱུད་པའི་རྒྱུན་ཡོད་པ་ནི་བཟང་པོའི་ལུགས་དང་ཡ་རབས་ཀྱི་སྲོལ་ཡོད་པའམ་སློབ་གསོ་བཟང་པོའི་ཁོར་ཡུག་དང་ལྡན་པའི་ཁྱིམ་ཞིག་ཡིན་ཞིང་། དེ་འདྲ་བའི་ཁྱིམ་གྱི་སློབ་གསོ་བཟང་པོ་ལས་སྐྱེད་སྲིང་བྱུང་བ་ལ་ནི་མི་གཞུང་བཟང་པར་མ་ཟད་ནོར་གཡང་ཡུན་རིང་དུ་འཁོར་བའི་ཡིད་ཆེས་བྱས། ཕྱུག་པོའི་རྒྱུད་པ་ཕྱུག་པོ་དང་འཇོན་པོའི་རྒྱུད་པ་འཇོན་པོར་འགྱུར་ཕྱོད་ཆེ་བའི་གནས་ཚུལ་ནི་རིགས་གཞན་པ་ལའང་ཡོད་པར་མ་ཟད་དེ་ལ་ཆེད་དུ་ཉམས་ཞིབ་བྱེད་པའི་མཁས་པ་ཡང་ཡོད་ཅིང་། དེ་ཚོས་བལྟས་ན་རིགས་རྒྱུད་དེ་ལྟ་བུའི་མི་ཕལ་མོ་ཆེ་ལ་བློ་རིག་རྣོན་པོ་དང་གསར་གཏོད་ཕོད་པ་སོགས་ལྷན་སྐྱེས་སུ་རྒྱུད་པ་འཛིན་པའི་ཁྱད་ཆོས་གཞན་དང་མི་འདྲ་བ་ཡོད་པ་ཙམ་གྱིས་མི་ཚད་གཙོ་བོ་ཆེ་ཤོས་ནི་མི་ལ་སྐྱེས་རྗེས་ཁྱིམ་རྒྱུད་ཀྱི་ལུགས་སྲོལ་ལས་དཔེར་ན། དྲིན་ཆེ་ལ་དྲིན་གཟོ་བའི་བསམ་བློ་ཤུགས་ཆེན་པོ་ཡོད་ཅིང་། དེས་དེ་ལས་ཀྱང་རང་ལ་རོགས་རམ་འབྱུང་པའི་སྤྱི་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་སོང་བ་དང་། དེ་བཞིན་རང་ཉིད་གཅིག་པུའི་ཁེ་ཕན་ལས་ཕ་རོལ་པོ་ཡལ་བར་དོར་བ་མ་ཡིན་པར་རང་གཞན་གཉིས་ཕན་གྱི་བསམ་བློ་ལྡན་པ། རང་ལ་ཡོད་པ་རྣམས་རུས་རྒྱུད་གཅིག་པའི་མི་གཞན་དང་ལོངས་མཉམ་དུ་སྤྱོད་པའི་བསམ་བློ་ཤུགས་ཆེན་པོ་ཡོད་པ། གཞན་གྱིས་གཅུན་མི་དགོས་པར་རང་ཚོད་རང་གིས་ཟིན་པ། ལག་ལེན་ཁྲོད་དུ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསྒྲུབ་ཕོད་པ་ལྟ་བུའི་སྤྱོད་ལམ་དམིགས་བསལ་བ་གོམས་ལོབ་གྱུར་ཡོད་པས་ལོན་པར་འདོད་བཞིན་ཡོད། དེ་དག་ནི་ཡུལ་འདི་ཡི་མི་ལའང་ཕལ་ཆེར་མཐུན་པ་ཞིག་གོ། ཡིན་ན་ཡང་རྐང་གཉིས་མི་ཡི་རིགས་གཞན་པ་རྣམས་དང་མི་འདྲ་བ་ཞིག་ལ་འདིའི་ཞིང་པ་རྣམས་ཀྱི་བློ་ཡི་ཕུགས་ན་སྐྱེ་དུས་ཁུར་ནས་མ་ཡོང་ཞིང་འཆི་དུས་ཁྱེར་ཏེ་འགྲོ་མི་ནུས་པ་ཐམས་ཅད་ནི་གནས་སྐབས་འཚོ་གནས་ཀྱི་ཡོ་བྱད་ཙམ་ལས་མི་ལུས་དོན་སྙིང་ལྡན་པའི་དམིགས་རྟེན་དང་མི་ཚེའི་རིན་ཐང་ཆེ་བའི་དན་རྟགས་སུ་མི་འཛིན་ལ། འཚོ་གནས་ཀྱི་ཡོ་བྱད་དུ་གྱུར་པ་ཐམས་ཅད་ནི་མི་ཚེའི་དོན་སྙིང་དང་རིན་ཐང་མངོན་དུ་འགྱུར་པའི་དགོས་མཁོར་ཚད་རན་པོའི་འདང་བ་ཙམ་གྱིས་ཆོག་ཅིང་། བསོགས་མང་པ་དང་རྔམ་ཆེར་སོང་ན་རང་གཞན་ཀུན་ལ་སྡུག་བསྔལ་གྱི་སྣ་འདྲེན་དུ་འགྱུར་ངེས་པར་འདོད་ཡོད་པས་མི་གཞུང་བཟང་པ་ལ་ནོར་སྒྲུབ་མཁས་པ་ལས་ཀྱང་གཙིགས་ཆེན་པོར་བྱས། དེ་བས་དུད་ཚང་ཡ་རབས་གྲགས་ན་ནོར་གྱིས་དབུལ་ཡང་གཉེན་ཡ་བཟང་པོར་བཟུང་ཞིང་། ཕྱུག་པོ་མ་རབས་བ་དང་མཁས་པ་གཡོ་སྒྱུ་ཅན་དག་ལ་ནི་ཤིན་ཏུ་གཟུར།

( མུ་འགོད།)