国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

འགྲུལ་བཞུད་ལམ་ གྱི་སྙན་ངག།

དུས་ཀྱི་རྟ་མཆོག་དཀར་པོའི།།

འཁོར་འགྲོས་བང་ཁ་མྱུར་ཨང་།།

བསམ་དབང་དྲན་དབང་མེད་པར།།

ནམ་ཟླ་དབྱར་ཁ་བསུ་སོང།།

སྔོ་ལ་ལྗང་བའི་ལྗོན་པ།།

གྲིབ་བསིལ་འགུག་པའི་གཞི་མ།།

ལྗོན་པའི་ཡལ་གའི་སྟེང་ནས།།

ཁུ་བྱུག་གསུང་དབྱངས་སྒྲོག་བྱུང་།།

ཞོགས་པ་མལ་ལས་ལངས་ཏེ།།

དྭངས་གཙང་མཁའ་རླུང་རྔུབ་ན།།

ཡིད་ཀྱི་ནམ་མཁའི་ལྷ་མོ།།

དགའ་བའི་འཛུམ་མདངས་ཤིག་ཤིག །

གཞུང་གི་ལས་བྱེད་རྣམས་ལ།།

ལོ་རེར་འཁོར་ཞག་ཡོད་ལ།།

འཁོར་ཞག་འཁོར་ནས་འགྲོ་བ།།

ལས་ཁུངས་ཤིག་གི་བཀོད་སྒྲིག །

དབྱར་ཁའི་དུས་བཟང་ཤར་སོང་།།

འཁོར་ཞག་འཁོར་ནས་སླེབས་སོང་།།

ཡིད་སེམས་བྲེལ་བས་ཁེངས་སོང་།།

ལོག་ཕེབས་སྐལ་བ་ལྡན་སོང་།།

མྱང་སྟོད་རྒྱལ་མཁར་རྩེ་ནས།།

མྱང་གཞུང་ལམ་ཐིག་དེད་དེ།།

སྐད་ཅིག་མ་ཡི་ནང་ལ།།

གཞིས་རྩེ་གྲོང་ལ་འབྱོར་སོང་།།

གཞིས་རྩེ་ཆོས་ཀྱི་ཕ་ས།།

པཎ་ཆེན་རིམ་བྱོན་བཞུགས་ས།།

གཙང་གི་མཚན་སྙན་འབར་ས།།

བཀྲ་ཤིས་ལྷུན་པོ་ཡིན་སོང་།།

ཆོས་ས་སེམས་པ་མ་ཤོར།།

གདན་ས་འཇལ་འདོད་མ་བྱུང།།

མགྱོགས་འགྲོ་མེ་འཁོར་བསྡད་དེ།།

ལྷ་ས་འཇལ་སར་སླེབས་སོང་།།

གནའ་གྲོང་འཇལ་གྲོང་ལྷ་ས།།

ཡུལ་སྐོར་འཇལ་སྐོར་འགྲོ་ས།།

ཡུལ་སྐོར་ཡིད་ལ་མ་དྲན།།

དྲིན་ཆེན་མ་ལོ་དྲན་སོང་།།

སྐྱིད་ཆུ་བཞུར་རྒྱུན་རིང་ཡང་།།

བཞུར་པའི་ལམ་ཕྱོགས་མ་གཅིག །

ཁྲུང་ཁྲུང་ལྷོ་མཐར་འཕུར་བ།།

སེམས་ཀྱི་འཁོར་ཕྱོགས་མ་ཡིན།།

དུས་བཞིར་མཛེས་སྡུག་ཆེ་བ།།

ནམ་ཟླ་དབྱར་ཁ་ཡིན་ཡང་།།

དབྱར་གྱི་ཡུལ་ལྗོངས་གསར་པ།།

གཟིགས་ཁོམ་ལྟ་ཁོམ་མ་བྱུང་།།

ལྷ་ས་ལྷ་ཡི་ཞིང་ཁམས།།

ཇོ་ཤཱཀ་རྣམ་གསུམ་བཞུགས་སར།།

བླ་ས་དཔོན་ས་བརྟན་ཡང།།

སེམས་ཀྱི་སྙེག་ལམ་མ་ཡིན།།

རིང་འགྲོ་འགྲུལ་བཞུད་མེ་འཁོར།།

བཅིབས་པའི་རྟ་རུ་བྱས་ཏེ།།

ཕ་ཡུལ་མཚོ་སྔོན་ཕྱོགས་སུ།།

ཉིན་མཚན་ངལ་བས་བརྒྱུགས་སོང་།།

འདུ་འཛི་ཟིང་ཟིང་ཆེ་བ།།

ཟི་ལིང་ཁྲོམ་གྱི་ཁྱད་ཆོས།།

ཟིང་ཟིང་ཁྲོམ་ལ་མ་ཆགས།།

རང་ཡུལ་ཞེ་ལ་ཐོགས་སོང་།།

སྐྱིད་པའི་སྒ་གོང་ཕྱོགས་སུ།།

སེམས་ཀྱི་རྟ་ཁ་གློད་སོང་།།

བརྒྱད་ཅུ་ལོ་ཡིས་ཟིན་པའི།།

མ་ལོ་འཕྲད་འདོད་སྐྱེས་སོང་།།

ཕ་ཡུལ་གྲོ་ལྷས་ཆགས་ས།།

རྨ་གཞུང་རྨ་ཆུ་ཁ་ཡིན།།

སྐྱེས་པའི་ལྟེ་ཁྲག་འཕོ་ས།།

གཡང་སྡེ་སྒ་གོང་ཕྱུག་མོ།།

རྨ་གཞུང་རྨ་ཆུའི་ཁ་ན།།

སྡེ་གཅིག་ཁྱིམ་གཅིག་ཆགས་ཡོད།།

ཁྱིམ་དེའི་ཨ་མ་བདག་མོར།།

གཅེས་པའི་བུ་དགུ་འཁྲུངས་ཡོད།།

བུ་དགུ་འཁྲུངས་པའི་ཨ་མ།།

སྲོག་དགུ་སྦྱིན་པའི་སྐྱེད་མ།།

ཁྱིམ་དགུ་བསྐྲུན་པའི་སྒྲོལ་མ།།

མཁས་དགུ་འབྱུང་བའི་གཞི་མ།།

འདོད་དགུ་སྟེར་བའི་སྐྱེད་མ།།

མཆོད་ན་མཆོད་པའི་ཐོག་མ།།

གླེང་ན་གཏམ་གྱི་འགོ་མ།།

བརྩེ་བའི་ཨ་མ་ཁྱོད་ཡིན།།

རྒྱང་བཞུད་ས་མཐའི་བུ་ལོའི།།

མགྱོགས་འགྲོས་བཅིབས་པ་རླུང་ཡིན།།

རླུང་གཤོག་མཁའ་རུ་བརྐྱངས་ནས།།

མི་འགྱང་མྱུར་དུ་བསླེབ་ཡོང།།

༼ སྒ་གོང་གཡུང་བྷ། ༽