ད་ནི་སྟོན་ཁ་ཚེས་བྱུང་།
སྨག་ནག་པའི་མཚན་མོའི་བྲང་གཞུང་ལས་ཆར་པ་
འབབ་ཀྱིན་འདུག།
ངས་ཡུན་རིང་ཚད་པས་གདུངས་བའི་མེ་ཏོག་དག་གི་
ཡལ་འདབ་ལས།
བཀྲག་མདངས་གསར་པ་ཞིག་རྒྱས་ཡོང་བར་བསྒུགས་མོད།
ལྷགས་པའི་རླུང་དང་བསྡེབས་པའི་ཆར་འབྲུ་རེ་རེ།
མེ་ཏོག་གི་གཞུང་རྟ་གུག་ཅིང་འདབ་མ་ལྷུང་བའི་
གཤེད་མ་རུ་བབས་བྱུང་།
སྟོན་ཁ་ཚེས་པ་དང་བསྟུན་ནས།
ནགས་ཚལ་འདིར་འཁོར་བའི་བྱ་ཁྱུ་མང་པོ་ཞིག།
དཔུང་གདང་སྒྲིག་ཅིང་སྔ་གཞུག་བརྩད་ནས་འཕུར་སོང་།
འཕུར་སོང་བའི་བྱ་ཁྱུ་དེ་དག་གི་ཁྲོད་དུ་སྙིང་ཉེ་བའི་བྱེའུ་ཞིག་ཡོད།
ངས་བྱེའུ་ཆུང་དེའི་མིང་ལ་ཟླ་བ་ཞེས་ཡང་ཡང་བོས་མྱོང་།
བྱེའུ་ཆུང་དེའི་མིག་ཟུང་ནི་རྐེ་ན་གཟི་ཆུང་བཏགས་པའི་
བུ་མོ་ཞིག་གི་མིག་ཟུང་དང་འདྲ་ཞིང་།
ཞེན་ཆགས་ཀྱི་ཕྱིར་མིག་ཙམ་ཡང་མི་སྟོན་པར་
གཤོག་རླབས་རྡེབ་བཞིན་འཕུར་ཚུལ་ནི།
ཁྱོད་རང་ཕེབས་སྟངས་དང་ཅི་འདྲའི་མཚུངས་ཨང་།
རུས་པའི་གཉའ་མ་ཆག་ཅིང་སྒྱིད་པ་སྲོང་བའི་གཞོན་ནུ་ཞིག་གིས།
བཙའ་མ་ཆགས་པའི་དད་པའི་ཨ་ལུང་གོར་གོར།
དཀར་ལ་འཇམ་པའི་ལག་པ་ཞིག་གི་
ཟོལ་གྱིས་ཡར་ལ་བསྲིངས་ཀྱང་།
སྟོན་ཁ་ཚེས་རུང་གི་མཐའ་མེད་པའི་
ནམ་མཁའི་ཁམས་ནས།
མི་མངོན་པའི་ཞིང་ལ་བཞུགས་པའི་
བདག་གི་སངས་རྒྱས་ཀྱིས།
གདུག་རྩུབ་ཀྱི་གཡང་ས་ནས་འདྲེན་པའི་
ཐུགས་རྗེའི་ལྕགས་ཀྱུ་དཔྱངས་མ་བྱུང་།
སྔར་བཞིན་འཁོར་བ་སྡུག་བསྔལ་གྱི་
རྒྱ་མཚོའི་འོབས་ལ་ལྷུངས་སོང་།
ང་རང་ངན་སོང་གསུམ་ཀར་དུས་གཅིག་ཏུ་སྐྱེས་སོང་།
ངས་སྔོ་ཞིང་བསངས་པའི་སྟོན་ཁའི་ནམ་མཁའ་ཇི་བཞིན།
ནམ་མཁའི་མཐོངས་སུ་རྒྱུ་བའི་
དཀར་གཙང་གི་སྤྲིན་པ་ཇི་བཞིན།
ཇོ་མོ་གླང་མའི་མཐོ་ཚད་དང་མཉམ་པའི་
འོ་མའི་སྨོན་ལམ་ཞིག་ཁྱོད་ལ་བཏབ་རྗེས།
ང་རང་བརྒལ་བར་དཀའ་བའི་
སྟོན་ཁ་ཉེར་བདུན་པའི་འཇིངས་སུ་ཞུགས།
རང་ཉིད་ལ་དབང་བའི་ནམ་མཁའ་སྟོང་པ་
འདིར་བྱེའུ་ཆུང་བཞིན་འཕུར་ཞིང་།
སྡོང་འགོ་ནས་མར་ལྷུང་ཡོང་བའི་ལོ་མ་
བཞིན་རྡོ་གཅལ་སྟེང་བྲོ་འཁྲབ་འགོ་བརྩམས།
འཚོ་གནས་ལ་སྙིང་པོ་མེད་ཀྱང་མུ་མཐུད་དེ་
འཚོ་དགོས་པ་ཇི་བཞིན།
༼ གཞི་ཚང་ཟླ་བ་གྲགས་པ། ༽
