གཡུ་ཡི་དགའ་ཚལ་རོང་བྲག་གཞལ་ཡས་ཁང་།།
མཚུངས་མེད་ལྷ་མོ་སྒྲ་དབྱངས་རྒྱ་མཚོའི་གཏེར།།
ཨ་ལན་ཟླ་བ་སྒྲོལ་མ་གྲོགས་སུ་བྱོན།།
མགྲིན་པའི་འཛེར་སྒྲ་སྙན་པའི་སྒྲ་རུ་བསྒྱུར།།
དཔག་ཡས་གཞུ་དབང་ལྷ་མོའི་དཔལ་འཕྲོག་པའི།།
བགྲང་ཡས་གློག་ཕྲེང་འོད་ཀྱི་གཞུ་འཕེན་པའི།།
བསམ་ཡས་སྟེགས་བུ་ངོ་མཚར་ཁྲི་དབུས་སུ།།
རྒྱ་ནག་སྐད་དུ་གླུ་ལེན་མཚོ་བྱུང་མ།།
མཛེས་འཛུམ་ཞལ་རས་པདྨའི་མདངས་བཀྲ་ཞིང་།།
ཕྱག་སོན་འཁྲི་ཤིང་ལྡེམ་པའི་ཡལ་ག་རུ།།
མྱོས་མེད་རྒྱུད་མངས་སྐུད་པ་འདར་ཞིང་གཡོ།།
ཨེ་མ་མཛེས་ལྡན་མཁའ་འགྲོའི་སྐུ་ལ་བསྟོད།།
མ་བཅོས་ཉམས་ཀྱི་སྒེག་པའི་ཟློས་གར་ལས།།
རྨད་བྱུང་མགྲིན་པའི་མདའ་མོ་ཀུན་ལ་འཕངས།།
བཟོད་མེད་དགའ་བའི་རྣོ་ངར་དབལ་ཚ་བཅས།།
གདུལ་བྱ་སྙན་ལུང་མཛེས་པའི་སྙིང་ལ་འབིགས།།
ད་ནས་ཁོ་བོ་གླུ་དང་རྒྱུད་མངས་སྒྲའི།།
སྙན་ལྡན་དྲུག་ཅུའི་དབྱངས་ཀྱི་ཞིང་ཁམས་ནས།།
གང་གི་ཞབས་པད་བརྩེ་དགས་མི་ལེན་ཡང་།།
མགྲིན་པའི་དབང་གི་བདུད་རྩི་འཐུང་སྙིང་མཆིས།།
འོ་ན་སྤྱན་གྱི་བུང་བའི་གཡོ་གར་ནི།།
ཁོ་བོའི་ཡིག་ཆུང་མཛེས་མའི་པད་གདོང་ལ།།
འཁྲིལ་བའི་མཛེས་དགའ་ཡིད་འོང་སྙན་ཚིག་ལ།།
ལྟད་མོ་མཛོད་ཅིག་མ་བསྐུལ་བྱོན་པ་ལགས།།
གང་ཁྱོད་འདི་ནས་འབར་ཁམས་རོང་གི་ཕྱོགས།།
རྐང་བའི་རྩེན་གར་བསྒྱུར་བའི་བློ་མཆིས་པ།།
དེ་ན་སུ་བཞུགས་སུ་མི་བཞུགས་མཆིས་ཀྱང་།།
མཚུངས་མེད་མཁའ་འགྲོ་གླུ་མ་དེ་ན་བཞུགས།།
ཁོ་བོའི་ངག་ལ་ཚིག་གི་ངང་མོའི་གར།།
བོད་མཁས་མགྲིན་སོན་སྒྲ་ལ་བསྒྲུན་མེད་བྱང་།།
གང་ཞིག་གང་འདུལ་གང་ལ་བྱུང་རྒྱལ་འདི།།
ཐོས་པའི་མོད་ལ་ཁོ་བོའི་མགུལ་ལ་འཁྲིལ།།
༼ ཆོས་འབྱོར་རྒྱ་མཚོ། ༽
