རོང་བྲག་རྫོང་མཁར། ཀྲུང་དབྱང་དམར་དམག་བསུ་སར་འགྲོ་བའི་ཆེད་དུ། 1935ལོའི་ཟླ་བ5པའི་ཚེས22ཉིན་ལ། ལི་ཞན་ཉན་གྱིས་དམར་དམག་འབུམ་ཤོག9པའི་མདའ་ཤོག81པའི་སྣེ་ཁྲིད་དེ་རོང་བྲག་རྫོང་རྫོང་མདའ་ཕྱོགས་སུ་དགྲ་བོའི་སི་ཁྲོན་ཁམས་མཐའི་སྲུང་དམག་འབུམ་ཤོག་གི་སྟོང་ཤོག2དང་འཐབ་འཛིང་དྲག་པོ་བྱས་ཤིང་། དམར་དམག་དཀར་མཛེས་ཁུལ་དུ་ཐེངས་དང་པོར་ཞུགས། ཟླ་བ10པའི་ཚེས7ཉིན་ལ། དམར་དམག་འབུམ་ཤོག་བཞི་པས《ཧྲུའེ་ཅིང་དང་ཁྲུང་ཧྭ། རོང་བྲག། བཙན་ལྷ་བཅས་ཀྱི་དམག་འཐབ་འཆར་གཞི》ལག་ལེན་བསྟར་ནས་ལྷོ་རུ་བསྐྱོད་དེ་ཆུ་ཆེན་འབབ་རྒྱུད་དུ་ལོག་པ་དང་། ཚེས16ཉིན་ལ་རོང་བྲག་རྫོང་བཟུང་ཡོད།
རོང་བྲག་རྫོང་བོད་དམག་རང་ཚུགས་ཁྲི་ཤོག་གི་སྒར་ཚུགས་ཤུལ་རྙིང་། ཤུལ་རྙིང་འདི་རོང་བྲག་རྫོང་ཉ་ག་ཡུལ་ཤོག་ཁ་ཁ་གྲོང་སྡེར་གནས་ཡོད། རོང་བྲག་རྫོང་བོད་དམག་རང་ཚུགས་ཁྲི་ཤོག་ནི་དམར་དམག་གིས་རོགས་རམ་བྱས་ཏེ་རོང་བྲག་ཏུ་བཙུགས་པའི་བོད་རིགས་དམར་དམག་གི་དྲག་ཆས་དང་པོ་དེ་ཡིན་ཞིང་། ཁྲི་དཔོན་གྱི་མིང་མཱ་ཅུན་ནམ་མར་ཟུར་ཨ་བུ་ཟེར་བ་ལ་མི་མང་པོ་མེད་པའི་དྲག་ཆས་ཤིག་ཡོད། དམར་དམག་རྒྱང་སྐྱོད་ངང་རོང་བྲག་ཏུ་བསླེབས་རྗེས། དྲག་ཆས་དེ་རོང་བྲག་བོད་དམག་རང་ཚུགས་མདའ་ཤོག་ཏུ་བསྒྲིགས་བཅོས་བྱས་ནས་མཱ་ཅུན་མདའ་དཔོན་དུ་བསྐོས། རོང་བྲག་བོད་དམག་རང་ཚུགས་མདའ་ཤོག་རྒྱ་སྐྱེད་བཏང་ནས་རོང་བྲག་བོད་དམག་རང་ཚུགས་ཁྲི་ཤོག་བསྒྱུར། ཁྲི་ཤོག་ལ་མི2000ལྷག་ཡོད་ཅིང་མདའ་ཤོག་གསུམ་ཡོད། ཁྲི་ཤོག་སྒར་ཚུགས་རོང་བྲག་རྫོང་དང་སྤྱི་ལེ100ཡས་མས་ཡོད་པའི་ཉ་ག་ཡུལ་ཤོག་ཁ་ཁ་གྲོང་སྡེར་བཙུགས་པ་རེད།
དམར་དམག་མདའ་ཤོག་ལྔ་པའི་ཆབ་སྲིད་པུའུ་ཡི་ཤུལ་རྙིང་། སྤྱི་ལོ1935ལོའི་ཟླ་བ10པར། དམར་དམག་འབུམ་ཤོག་བཞི་པ་ལྷོར་བསྐྱོད་དེ་རོང་བྲག་རྫོང་བཟུང་རྗེས། མདའ་ཤོག་ལྔ་པས་རོང་བྲག་རྫོང་བཅའ་སྲུང་བྱས་ཏེ་རོང་བྲག་རྫོང་གསར་བརྗེའི་རྟེན་གཞི་བཙུགས་ནས་ལྷོར་བསྐྱོད་དམར་དམག་གི་བར་བརྒྱུད་རྟེན་གཞིར་བྱས་པ་རེད། མདའ་ཤོག་གི་ཆབ་སྲིད་པུའུ་རྫོང་མཁར་ནས་སྤྱི་ལེ7ཡོད་པའི་ཉ་ག་ཡུལ་ཤོག་གྱ་གྱུ་གྲོང་སྡེ་དང་པོར་བཙུགས་པ་དང་། རོང་བྲག་རྫོང་བོད་དམག་རང་ཚུགས་ཁྲི་ཤོག་གི་སྒར་ཚུགས་དང་ཕན་ཚུན་རམ་སྐྱོར་གྱི་ཚུལ་དུ་གནས་ཡོད།
རོང་བྲག་རྫོང་དམར་དམག་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཙན་བརྒལ་བྱས་པའི་དྲན་གསོ་རྡོ་རིང་། དྲན་གསོ་རྡོ་རིང་དེ་རོང་བྲག་རྫོང་སོག་ཕོ་ཡུལ་ཤོག་འབོ་ལུང་གྲོང་སྡེ་གཡུང་དྲུང་བདེ་ལྡན་གླིང་དུ་ཡོད། 1935ལོའི་ཟླ་བ6པའི་ཚེས14ཉིན་ལ། དམར་དམག་གི་འབུམ་ཤོག་དགུ་པའི་ཁྲི་ཤོག27པའི་མདའ་ཤོག81པས་ས་གནས་དེ་གའི་མི་སེར་གྱི་རོགས་རམ་འོག་ཤིང་གྲུ་དང་ཀོ་གྲུ་བཟོས་ཏེ། གཡུང་དྲུང་བདེ་ལྡན་གླིང་གི་གྲུ་ཁ་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བཙན་བརྒལ་བྱས་པར་བརྟེན། དགྲ་བོས་ཕྱོགས་གསུམ་ནས་དམག་རུབ་བརྒྱབ་ནས་དམར་དམག་འཐབ་འཛིང་པ10ལྷག་རྐྱེན་ལམ་དུ་ཤོར་ཞིང་ཆུ་བོ་བསྒྲལ་ཐུབ་མེད། 1966ལོར་ས་གནས་དེ་གའི་སྲིད་གཞུང་གིས་ས་དེར་དམར་དམག་གིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བརྒལ་བའི་དྲན་གསོའི་རྡོ་རིང་བཙུགས་པ་རེད།
དམར་དམག་འབུམ་ཤོག་བཞི་པའི་རྒྱབ་ཕྱོགས་སྨན་ཁང་གི་ཤུལ་རྙིང་། སྤྱི་ལོ1935ལོའི་ཟླ་བ10པར། དམར་དམག་གིས་རོང་བྲག་བྲག་སྟེང་གི་གསེར་ཚང་དགོན་དུ་རྒྱབ་ཕྱོགས་སྨན་ཁང་བཙུགས་པ་དང་། དེར་རྨས་མ100ལྷག་ལ་སྨན་བཅོས་བྱེད་བཞིན་ཡོད། སྤྱི་ལོ1936ལོའི་ཟླ་བ2པར། བྲག་སྟེང་རྒྱལ་པོས་གསེར་ཚང་དགོན་མཐའ་ནས་བསྐོར་བ་དང་། དམར་དམག་གི་རྨས་མ་དང་སུའུ་ཝུའུ་ཨེར་སྲིད་གཞུང་གི་ཁོངས་མི100ལས་དམར་དམག16སྐོར་རྒྱ་ལས་ཐར་བར་ཕུད། དེ་མིན་ཁག་ཅིག་ནི་དམག་འཐབ་ནང་དུ་ཤི་བ་དང་། འཐབ་འཛིང་པ་མང་ཆེ་བ་མདེལ་ཟད་རྒྱགས་རྫོགས་ཀྱི་རྗེས་ཆུ་ཆེན་དུ་མཆོང་ནས་རང་སྲོག་བློས་བཏང་ཡོད།
དམར་དམག་འབུམ་ཤོག་དགུ་པའི་ཁྲི་ཤོག27པའི་མདའ་ཤོག81པའི་སྒར་ཚུགས་ཀྱི་ཤུལ་རྙིང་། སྒོ་ལུང་ཡུལ་ཤོག་དགོན་པའི་གྲོང་སྡེར་གནས་ཡོད། དམར་དམག་འབུམ་ཤོག་བཞི་པ་ལྷོར་བསྐྱོད་དུས། དམར་དམག་འབུམ་ཤོག་དགུ་པའི་ཁྲི་ཤོག27པའི་མདའ་ཤོག81པ་དགོན་པ་གྲོང་སྡེར་བཅའ་སྡོད་བྱས་ནས་མང་ཚོགས་ལ་དྲིལ་བསྒྲགས་སྐུལ་སློང་དང་འབྲུ་རིགས་སོགས་དངོས་རྫས་བསྡུ་གསོག་བྱེད་པ་དང་། ལྷོར་བསྐྱོད་དེ་སྣ་སུད་ཕོག་ནས་ཕྱིར་ལོག་པའི་དཔུང་སྡེ་བསུས་པ་རེད།
གནས་མགོ་རིའི་དམར་དམག་གི་འཐབ་འཛིང་ཤུལ་རྙིང་། སྤྱི་ལོ1936ལོའི་ཟླ་བ་དང་པོའི་ཚེས11ཉིན་ལ། ཁམས་ཀྱི་ས་ཆ་བཅའ་སྲུང་བྱེད་བཞིན་ཡོད་པའི་གོ་མིན་ཏང་གིས་རོང་བྲག་སྟག་ཕུ་རིའི་གཡུལ་ངོ་སྲུང་བའི་དམར་དམག་ལ་དཔུང་འཇུག་བྱས་པས་དམར་དམག་ཕྱིར་ནུར་མི་བྱེད་ཐབས་མེད་བྱུང་ཡོད། ཚེས14ཉིན་གྱི་མཚན་མོར་དམར་དམག་གིས་ཕྱིར་རྒོལ་བྱས་ཤིང་། གོ་མིན་ཏང་གི་དམག་གནས་མགོ་རིར་ཕྱིར་ནུར་བྱས་ཏེ་དམར་དམག་དང་ཁ་གཏད་དུ་ལངས། ཚེས18ཉིན་ལ། དམར་དམག་གིས་གནས་མགོ་དགོན་འགོག་སྲུང་བྱེད་མཁན་གྱི་དགྲ་བོར་རྒོལ་རྡུང་དྲག་པོར་བྱས་མཐར་ཚེས23ཉིན་ལ་དགྲ་བོའི་སྲུང་དམག་དང་རོགས་དམག་ཕམ་ཉེས་སུ་བཏང་ནས་འབྲུ་སྨིན་དང་སྟག་ཕུ་རིའི་ཕྱོགས་ཀྱི་སྲུང་ར་སླར་བླངས་ཏེ། ཟླ་བ7པར་འགོག་སྲུང་ར་བ་དེ་ནས་བྱང་དུ་བསྐྱོད་པ་རེད།། ( སྐལ་ཐུབ་ཀྱིས་བསྒྱུར།)
