国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཐོན་ལས་སྦྲེལ་ཐག་ཧྲིལ་པོ་ཡིས།། མི་སེར་ཕྱུག་འགྱུར་ལམ་དུ་ཁྲིད།།

དཀར་མཛེས་ཁུལ་གྱིས་རྒྱལ་ཡོངས་སྐྱེ་ལྡན་ནོར་གནག་ཐོན་ལས་ཀྱི་དཔེ་སྟོན་བསྐྲུན།

ལི་ཐང་རྫོང་དེང་རབས་ནོར་གནག་གསོ་སྤེལ་ར་བ།ལི་ཐང་རྫོང་དེང་རབས་ནོར་གནག་གསོ་སྤེལ་ར་བ།

ད་ལོ་ནས་བཟུང་། དཀར་མཛེས་ཁུལ་གྱིས་ནོར་གནག་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་དམིགས་ནས་ཕྱུགས་རྒྱུད་སྲུང་སྐྱོང་དང་། ཚན་རིག་དང་མཐུན་པའི་གསོ་སྤེལ། བཟོ་སྣོན་ཞིབ་ཚགས་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་བཀོད་སྒྲིག་ལ་གཞི་ཚུགས་ཏེ། བརྒྱད་ཟིལ་དང་ལི་ཐང་། གསེར་རྟ་བཅས་ས་ཁུལ་གསུམ་གྱི་ཐོན་ལས་ལག་ལེན་མི་འདྲ་བ་ལ་བརྟེན་ནས་མུ་མཐུད་དེ་ཐོན་ལས་ཀྱི་ཞན་ཆ་སེལ་བ་དང་རིན་ཐང་མཐོར་འདེགས་བྱས་ཏེ། མཐོ་སྒང་གི་ཁྱད་ཆོས་ནོར་གནག་ལས་རིགས་དེ་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བསྐུལ་ཏེ་ཡུལ་སྡེ་དར་རྒྱས་གཏོང་བའི་ཐོན་ལས་གཙོ་བོར་གྱུར་ཡོད།

ཕྱུགས་རྒྱུད་སྲུང་སྐྱོང་བརྟན་པོ་བྱ་རྒྱུ་ནི་དཀར་མཛེས་ཁུལ་གྱི་ནོར་གནག་ཐོན་ལས་སྤུས་ཚད་མཐོ་རུ་གཏོང་བའི་འགག་རྩ་ཡིན། བརྒྱད་ཟིལ་རྫོང་གི་ནོར་གནག་རིགས་རྒྱུད་ལེགས་ཀྱང་ཉམས་ཞན་དུ་སོང་བ་དང་རྒྱུད་སྤེལ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། ས་གནས་དེ་གས“2+1+6+N”རྒྱུད་སྤེལ་མ་ལག་བཙུགས་པ་དང་། རིམ་རྩིས་བྱས་ན་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི3938འགྲོ་སོང་བཏང་ནས་ལེ་ལག་ཚང་བའི་རྒྱུད་སྤེལ་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་གྱིས་ཆེད་མཁས་པའི་ལས་དོན་ས་ཚུགས་བཙུགས་ཏེ། ཕྱུགས་རིགས་གཙོ་བོའིDNAདཔེ་ལེན་དབྱེ་ཞིབ་ལེགས་གྲུབ་བྱུང་བ་དང་། ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་བྱས་ཡོད། ད་སྔོན། ཁུལ་ཡོངས་སུ་ནོར་གནག་གི་གྲང་ཉར་ཁམས་དཀར་ཐོན་རྫས་ཐོག་མར་ལེགས་གྲུབ་བྱུང་བར་མ་ཟད། གྲང་ཉར་ཁམས་དཀར་གྱི་ཁབ2100ལྷག་ཚོད་ལྟ་བྱས་ཡོད།ཐང་འགོ་གྲོང་རྡལ་གྱི་ནོར་གཡག་རྒྱུད་སྤེལ་ས་ཚུགས་འཛུགས་སྐྲུན་གྱི་ལས་གཞིར་བརྟེན་ནས་དཀར་མཛེས་ཁུལ་གྱིས་ཤུགས་ཡོད་རྒུས་རྒྱལ་ཡོངས་ནོར་གནག་རྒྱུད་སྤེལ་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་བསྐྲུན་བཞིན་ཡོད། 2028ལོར་ནོར་གནག་རྒྱུད་སྤེལ་ས་ཚུགས་དངོས་སུ་རྒྱུད་སྤེལ་བྱ་རྒྱུའི་འཆར་གཞི་འཇོག་པར་མ་ཟད། 2030ལོར་སི་ཁྲོན་ཞིང་ཆེན་སྐར་གསུམ་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་བསྐྲུན་རྒྱུ་རེད། སྔོན་དཔག་བྱས་ན་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར3ལས་བརྒལ་ཐུབ་རྒྱུ་རེད།

ཚན་རྩལ་གསོ་སྤེལ་གྱིས་དམངས་ཕྱུག་ཡོང་འབབ་འཕར་བར་བསྐུལ་ནས། ལི་ཐང་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་གང་མང་ཞིག་གིས་དེང་རབས་ཅན་གྱི་ནོར་གནག་གསོ་སྤེལ་གླིང་ཁུལ་བསྐྲུན་ཏེ། ཟོག་སྦྲེལ་དྲ་བའི་ཁུངས་འདེད་མ་ལག་དང་རིག་ནུས་ཕྱུགས་འཚོ་དོ་དམ་མ་ལག་བཙུགས་པར་མ་ཟད། གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། རིག་ནུས་ཅན་བཅས་ཀྱི་ཚབ་གཉེར་གསོ་སྤེལ་བྱེད་སྟངས་ཁྱབ་གདལ་བཏང་བར་མ་ཟད། མུའུ་ཁྲི་ཅན་གྱི་མི་ཐབས་ཀྱི་གཟན་རྩྭ་རྟེན་གཞི་དང་། འཕྲུལ་ཆས་ཅན་གྱི་ལས་ཀ་འགུལ་བ། དུས་ཡུན་ཐུང་ངུ་ནང་གཟན་ཆས་རྒྱགས་གསོ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནོར་གནག་ཕྱིར་འཚོང་དུས་ཡུན་ཆེས་ཆེར་ཐུང་དུ་བཏང་བ་དང་། གསོ་ཚགས་གསོན་ཚད་དང་ལྗིད་ཚད་མཐོ་རུ་བཏང་བར་མ་ཟད། གསོ་ཚགས་ཀྱི་མ་གནས་ནུས་ལྡན་ངང་མར་ཆག་པ་བཅས་བྱས་ཏེ། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ངང་འཕར་བ་དང་། འབྲོག་ཁུལ་གསོ་སྤེལ་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད།

བཟོ་སྣོན་ཞིབ་ཚགས་ཀྱི་ཐོན་ལས་སྦྲེལ་ཐག་བསྲིངས་ནས་མཐོ་སྒང་གི་ཕྱུགས་ལས་ཐོན་ཁུངས་གྲུང་སྒྱུར་བྱས། གསེར་རྟ་རྫོང་གིས་ས་གནས་དེ་གའི་གཞི་ཁྱོན་ཅན་གྱི་དཀར་ཆུའི་ཐོན་རྫས་བཟོ་སྣོན་ཞིབ་ཚགས་ཁེ་ལས་ལ་བརྟེན་ནས“ཁེ་ལས་དང་མཉམ་ལས་ཁང་། འབྲོག་ར། གསོ་སྤེལ་དུད་ཚང”བཅས་ཀྱི་ཁེ་ཕན་ཟུང་འབྲེལ་བྱེད་སྟངས་སྤྱད་དེ། མཐིལ་བསྲུང་རིན་གོང་འགན་ལེན་གྱི་ཐོག་ནས་འབྲོག་པའི་འབྲི་འོ་གསར་པ་ཉོ་སྒྲུབ་བྱས་པ་དང་། སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་ལ་བརྟེན་ནས་རིམ་པ་མཐོན་པོའི་མཐོ་སྒང་གི་དཀར་ཆུའི་ཐོན་རྫས་རབ་དང་རིམ་པ་བཟོས་པས། འབྲོག་པའི་འོ་མ་གསར་པ་ཕྱིར་འཚོང་དཀའ་བ་དང་རིན་གོང་དམའ་བའི་གནད་དོན་རྩ་བ་ཉིད་ནས་ཐག་གཅོད་བྱས་ཏེ། ས་གནས་དེ་གའི་འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་པོར་གྱུར་བ་རེད།

སི་ཁྲོན་ནུབ་བྱང་གི་འབྲོག་ཁུལ་གཙོ་བོ་དང་རྒྱལ་ཡོངས་འབྲོག་ཁུལ་ཆེ་གྲས་དྲུག་གི་ནང་གཅིག་ཡིན་པའི་དཀར་མཛེས་ཁུལ་ལ་མཚོན་ན་ནོར་གནག་ཐོན་ལས་ཀྱི་གཞི་ཁྱོན་ཞིང་ཆེན་ཡོངས་སུ་ཨང་དང་པོར་གནས་པར་མ་ཟད། རྒྱལ་ཡོངས་དགེ་མཚན་ལྡན་པའི་ཁྱད་ཆོས་ཐོན་ལས་ཀྱི་ཁྱུ་ཚོགས་ནང་བདམས་པ་རེད། ད་སྔོན། ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར13.44བཏང་ནས་ནོར་གནག་ཐོན་ལས་ཁྱུ་ཚོགས་ཀྱི་ལས་གཞི75ལག་ལེན་བསྟར་བ་དང་། དེང་རབས་ཞིང་ལས་གླིང་ཁུལ་དང་སྣེ་འདྲེན་ཁེ་ལས་མང་པོ་སྐྱེད་སྲིང་བྱས་པ་རེད། 2026ལོར། ནོར་གནག་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་བརྒྱ་ལས་བརྒལ་ཐུབ་རྒྱུ་རེད།

རྗེས་མར། དཀར་མཛེས་ཁུལ་གྱིས་ནོར་གནག་ཐོན་ལས“གཅིག་གསུམ་བཞི”དར་རྒྱས་བྱ་སྤྱོད་དོན་འཁྱོལ་བྱས་ཏེ། ཆེད་དོན་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ནས་ཐོན་ལས་གསོ་སྐྱོང་དང་། གཟན་རྩྭ་འཕེལ་རྒྱས། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་འཆར་གཞི་ཆེན་པོ་གསུམ་ལ་བསྐུལ་བ་དང་ཐོན་ལས་རྟེན་གཞི་ཆེན་པོ་བཞི་འཛུགས་བསྐྲུན་བྱ་རྒྱུ་རེད། 2030ལོར་སླེབས་དུས། དཀར་མཛེས་ཁུལ་གྱིས་ནོར་གནག་ཉར་ཚགས་དང་ཕྱིར་འདོན་བྱེད་ཚད་ཆེས་ཆེར་འཕར་བར་བྱས་ནས་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར160ལས་བརྒལ་ཐུབ་རྒྱུ་རེད། ཤུགས་ཡོད་རྒུས་རྒྱལ་ཡོངས་སྐྱེ་བཅས་ནོར་གནག་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་བསྐྲུན་རྒྱུ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)