国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྐྱེད་ཀ་མཐོན་པོ་བླངས་ཏེ་སྒོར་བསྐྱིས་ན་བཅའ་ཁྲིམས་དང་མཐུན་ནམ།

རང་རྒྱལ་གྱི《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་དམངས་ཁྲོད་བསྐྱིས་སྒོར་གྱོད་དོན་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་འཐུས་ཀྱི་གནད་དོན་འགའི་ཐད་ཀྱི་གཏན་འཁེལ》ལྟར་ན། “སྒོར་གཏོང་མཁན་གྱིས་སྒོར་བསྐྱི་མཁན་ལ་གན་རྒྱའི་ཁྲོད་ཁ་ཆད་བྱས་པའི་སྐྱེད་ཀའི་ཚད་ལྟར་སྐྱེད་ཀ་སྤྲོད་པར་རེ་བ་བཏོན་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱ་དགོས། འོན་ཀྱང་ཕྱོགས་གཉིས་ཀས་ཁ་ཆད་བྱས་པའི་སྐྱེད་ཀའི་ཚད་དེ། གན་རྒྱ་འཇོག་སྐབས་ཀྱི་ལོ1རིང་གི་བསྐྱིས་སྒོར་ཚོང་རའི་གོང་ཚད་ཀྱི་སྐྱེད་ཀའི་ཚད་ལྡབ4ལས་བརྒལ་བ་ཕུད”ཅེས་བཀོད་ཡོད།

མ་དངུལ་ལས་སྐྱེད་ཀ་སྔོན་ལ་འཐེན་ན། མི་དམངས་ཁྲིམས་ཁང་གིས་དངོས་སུ་གཡར་བའི་སྒོར་གྲངས་ཀྱི་མ་དངུལ་དུ་ངོས་འཛིན་དགོས། བསྐྱིས་སྒོར་གཏོང་ལེན་མཁན་ཕྱོགས་གཉིས་ཀས་དུས་འགྱངས་བྱས་པའི་སྐྱེད་ཀའི་ཚད་ལ་ཁ་ཆད་བཞག་ཡོད་ན། ཁ་ཆད་དེ་ལྟར་བྱ་དགོས། འོན་ཀྱང་གན་རྒྱ་འཇོག་སྐབས་ཀྱི་དུས་ཡུན་ལོ1རིང་གི་བསྐྱིས་སྒོར་ཚོང་རའི་གོང་ཚད་ཀྱི་སྐྱེད་ཀའི་ཚད་ཀྱི་ལྡབ4ལས་བརྒལ་མི་ཆོག།

སྒོར་གཏོང་མཁན་དང་བསྐྱི་མཁན་གཉིས་ཀྱིས་དུས་འགྱངས་བྱས་པའི་སྐྱེད་ཀའི་ཚད་ཁ་ཆད་བཞག་ཡོད་ལ། ཁ་ཆད་དང་འགལ་བའི་དངུལ་ཆད་དམ་གཞན་པའི་འགྲོ་གྲོན་ཡང་ཁ་ཆད་བཞག་ཡོད་ན། སྒོར་གཏོང་མཁན་གྱིས་དུས་འགྱངས་བྱས་པའི་སྐྱེད་ཀ་དང་། ཁ་ཆད་དང་འགལ་བའི་དངུལ་ཆད་དམ་གཞན་པའི་འགྲོ་གྲོན་དག་འདེམ་པའི་འདོད་ཚུལ་བཏོན་ཆོག་ལ། མཉམ་དུ་འདེམ་ཡང་ཆོག་པའི་འདོད་ཚུལ་བཏོན་ཆོག། འོན་ཀྱང་གན་རྒྱ་འཇོག་སྐབས་ཀྱི་དུས་ཡུན་ལོ1རིང་གི་བསྐྱིས་སྒོར་ཚོང་རའི་གོང་ཚད་ཀྱི་སྐྱེད་ཀའི་ཚད་ཀྱི་ལྡབ4ལས་བརྒལ་བའི་ཆ་ཤས་དེར། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་མི་བྱེད།

དེར་བརྟེན། བསྐྱིས་སྒོར་སྐྱེད་ཀའི་ཁ་ཆད་ཇི་ལྟར་བཞག་པ་དང་། ད་དུང་ཁ་ཆད་དང་འགལ་བའི་དངུལ་ཆད་དང་འགྲོ་ལུགས་གྲོན་དངུལ་སོགས་ཀྱི་འགྲོ་གྲོན་ཡོད་མེད་གང་ཡིན་རུང་། སྐྱེད་ཀ་ཚུད་པའི་འགྲོ་གྲོན་གཞན་དག་གི་བསྡོམས་འབོར“ལོ1རིང་གི་བསྐྱིས་སྒོར་ཚོང་རའི་རིན་གོང་གི་སྐྱེད་ཀའི་ཚད་ཀྱི་ལྡབ4”ལས་བརྒལ་མི་ཆོག། ལྡབ4ལས་བརྒལ་བའི་ཆ་ཤས་དེ་ནུས་མེད་ཡིན།

(ཀུན་དགའ་ཡིས་བསྡུས།)