སྨྲེང་བའི་མགུར་ལ་ཞེན་པ་མཚར་དུ་དངར།།
ཐོལ་བྱུང་འཆར་སྒོ་གྲིབ་མའི་ཟིལ་ཆགས་ཏེ།།
སྲིད་པའི་རླུང་ལ་འདོད་ཡོན་མི་འདྲ་མངོན།།
མེ་ཏོག་ཁ་དཀར་བརྩེ་བའི་ཚུལ་བཞིན་ཕུལ།།
གསང་བ་སྟོང་གི་དྲན་པའི་མཐའ་རུ་འཁྱུད།
སྤྱན་གྱི་མེ་ཏོག་མཛེས་སྡུག་ཇི་བཞིན་གསལ།།
འཕྲུལ་ལ་ཚིག་གི་གཤིས་ཀ་བྱེ་ཐང་འཁྱམ།།
སྲིད་པའི་སྔངས་བ་བྱིས་པའི་སེམས་ཀྱི་འོད།།
བྲེལ་མོའི་ཚུལ་ལ་སྣང་བ་ཅི་དགར་རོལ།།
གསལ་བའི་ངང་དུ་འོད་གཅིག་ཡན་པོ་ཤར།།
སྨུག་པ་ཇི་བཞིན་ལས་སྣང་གསལ་ཞིང་དྭངས།།
རང་གི་ཚོར་སྣང་རང་ལ་རྨད་དུ་བྱུང་།།
ཉིན་སྲིབ་བར་དུ་འཁོར་བའི་འཁྲབ་སྟོན་བཞད།།
རྒྱལ་ཁམས་མང་པོར་ཟླ་འོད་སྟོང་གི་ཚོགས།།
ཐག་རིང་ལམ་ལ་མཛེས་པའི་འཆར་ཡན་གསལ།།
འོད་གཅིག་མིན་པ་ངང་ཚུལ་སེམས་གཞས་ཡིན།།
ཉི་ཟླའི་ལས་དབང་གཞོན་གྱི་མཛའ་གྲོགས་སྙམ།།
སྲིད་པའི་ཡོལ་བ་དལ་བུར་གཡོ་ཞིང་འགུལ།།
སྣང་བ་དཀར་ནག་ཡིད་ལ་འཁྲེང་བཞིན་ཡོད།།
བསམ་པའི་མེ་ཏོག་ཟླ་བའི་མཛེས་པར་མགྲོན།།
ཉིན་མོའི་མཐོང་བ་མཚན་མོའི་རྨི་ལམ་ན།།
ས་སྲོད་དེ་རུ་ཚོར་ཤེས་སྣ་ཚོགས་སྤུངས།།
རྒྱང་རིང་ལམ་ནས་མགྲོན་པོ་འབོད་ཀྱིན་ཡོད།།
ལས་མཐུན་དྲོན་མོ་ཆུ་ལ་ཆུ་འདྲེས་ཡིན།།
འཛུམ་པའི་ཞལ་ལས་སྤྲོ་གར་སྟོང་གིས་གང་།།
འབྱམས་ཀླས་ཞེ་ལ་འུར་ཟིང་མང་གིན་མོད།།
ཉེ་རིང་ལམ་ནས་བདེ་སྡུག་ཚོགས་ཀྱིས་མཇལ།།
ངལ་བའི་སྨྲེང་བ་ཚེ་འདིའི་དགོད་ངག་ཆོག །
མཐོང་བའི་ཚིག་ལ་ཞེ་འདྲིས་ལས་ཀྱིས་སྟོང་།།
ངང་ཚུལ་གསར་པ་སྣང་བའི་མེ་ཏོག་ཚོགས།།
དྲན་ཚད་སྲིད་པའི་དར་རྒུད་མངོན་གྱིན་ཡོད།།
འཁོར་བའི་ཉམས་སྣང་ཅི་འདྲའི་སྐྱིད་ཀྱིས་རོལ།།
ཆུང་གི་མཛའ་མཐུན་ཡིད་ངོས་གསལ་བ་ན།།
དགོད་སྒྲ་སྟོང་གི་ཚོར་བྱུང་འཇམ་པོ་བཞད།།
དྲན་ཚིག་མང་པོ་སེམས་སུ་ལྷང་ངེར་འཆར།།
ཤོག་སྟེང་འབྲི་ན་ཡིག་འབྲུ་རྫོགས་པ་མེད།།
དྭངས་གཙང་ལས་ལ་སྙིང་པོའི་གློ་བ་ཉེ།།
ཟླ་བའི་སྤྱན་ལས་རྣམ་ཤེས་འོད་ཐིགས་ཕོག །
ཁམས་དབང་འཕྲད་པའི་ལས་ཀྱི་ས་ཐག་ཏུ།།
ཇི་མི་སྙམ་པའི་ཆོ་འཕྲུལ་འདང་ཞིང་བརྩེ།།
ཐོལ་གྱི་ངལ་བ་གཅིག་རྒྱབ་གཅིག་གིས་ཁྱེར།།
ཚེ་ཡི་འདུ་བྱེད་ཉིན་མཚན་ཀློང་དུ་འདས།།
དྲིན་གྱི་ལྗིད་པོས་གློ་སེམས་ངེད་ལ་འཁོར།།
སྐད་ཅིག་ནང་གི་དྲན་སྣང་ཆུ་བཞུར་བཞུར།།
འཇམ་པོའི་ཀླད་དུ་མཚར་གྱི་ལམ་བུ་རྙེད།།
བྱེ་མའི་ཐང་ཆེན་བརྩེ་བའི་འོད་ཀྱིས་ཁྱབ།།
རིམ་གྱིས་མེ་ཏོག་ཡིག་འབྲུ་བར་དུ་བཀླགས།།
ལོ་ཟླ་ནང་གི་བཞུད་ལམ་དཀར་པོ་རྟོགས།།
མནོ་བསམ་འཁོར་བ་དེང་གི་ལས་སྣང་བ།།
ལ་མོ་བརྒལ་ནས་འདང་ཆེན་ཡིན་ཞེས་ལབ།།
ཐོལ་བྱུང་རི་མོ་སྐད་ཅིག་འཆར་སྒོར་མངོན།།
ཞེན་སེམས་ཧད་དེ་སྲིད་པའི་གྲོང་ལ་ཆགས།།
དཔྱིད་ཀའི་ནམ་ཟླ་ཇ་ཆང་འགྲམ་དུ་རོལ།།
ཕྱི་ཐག་མཐོང་ན་འཛུམ་བག་དལ་བུ་བཞད།།
ཤ་རུས་འདྲེས་པའི་ཡིད་སེམས་ལས་ལ་བྲོད།།
སྙིང་པོའི་ཆོས་ལ་རྣམ་ཤེས་ཡུན་རིང་འཚོས།།
རྒྱང་གི་ལ་གཞས་སྙིང་ཉེའི་འགྲམ་ལ་བསྐུར།།
རང་གི་ངལ་དུབ་གར་སོང་མེད་པར་གཡུག །
ཚེ་ཡི་འདུ་བྱེད་འཆི་ཁའི་འཁྲེང་སེམས་ན།།
ལོ་ཟླ་རྨས་པའི་གྲང་ངར་བརྗེད་པ་དབེན།།
ལམ་གྱི་རྨི་ལམ་མཚན་མོའི་ཁེར་འགྲོ་བ།།
ཕྱི་ནང་གསལ་བའི་ང་རོ་ལྷོད་ཅིང་གླེང་།།
ཚིག་གི་འདབ་མ་གློ་སྙིང་གན་དུ་འགྲེང་།།
ལན་ཆགས་མང་བ་གཞོན་པའི་ཚོར་བ་ཡིན།།
༼ ཁམས་འོད་གསལ། ༽
