ཤེས་རབ་མིག་ཟུང་ཡངས་མོར་ཞེན་པའི་རྐྱེན།།
གནས་ལྔ་རིགས་པའི་གཞུང་ལ་དུང་བའི་ཕྱིར།།
རེ་འདུན་རེ་ལ་འཚོལ་བའི་རེ་བ་འབུམ།།
ས་མཐར་ཡང་ཡང་འཁྱམ་པ་རང་གི་དོན།།
བདེན་དོན་རིག་པའི་ལམ་ལ་སྨོན་དང་གཅིག །
ལེགས་བཤད་བདུད་རྩིའི་ཚལ་ལ་མོས་དང་གཉིས།།
ཤེས་རིག་ཀུ་མུད་དགྱེས་ལ་དུངས་དྲག་པས།།
མི་ཚེ་འཚོལ་སྙེགས་ཀློང་ནས་གསོན་པ་ཡིན།།
བདེན་བཞིའི་དགོངས་དོན་རྟོགས་ལ་བྲེལ་བ་དང་།།
ཟབ་གསང་རིག་པའི་གནད་ཀྱང་བཀྲོལ་འདོད་པས།།
དཀའ་བའི་ཚེགས་ཀྱང་མ་འཛེམ་འགྲོ་དགོས་པ།།
ཐེངས་རེ་བསམ་ན་ལས་དབང་ཡིན་པར་སེམས།།
ཆ་མེད་བདེན་པར་འདོད་པའི་མདོ་སྡེ་དང་།།
སྣང་བ་སེམས་སུ་འདོད་པའི་སེམས་ཙམ་པའི།།
གསལ་དང་ལྷན་ཅིག་དམིགས་པའི་རྟགས་སྦྱོར་གྱིས།།
བརྒལ་བརྟག་འཕྲུལ་འཁོར་འཁྱུད་ལ་ལྟ་མོས་པས།།
སེམས་མཐའ་རྒྱང་ནས་མ་བསྐོར་ས་མཐར་ཉུལ།།
ས་མཐའི་འཚོ་བ་ཞིག་ལ་གདོང་གཏུགས་ནས།།
གྲོགས་མེད་གཅིག་པུར་ལུས་པ་འདི་ལྟར་ཡིན།།
བསམ་ན་ཚོར་སྣང་གྱ་གྱུའི་གཏམ་རྒྱུད་ཡོད།།
སྣང་ཙམ་དགག་བྱར་འདོད་པའི་ཐལ་འགྱུར་དང་།།
སྟོང་རྐྱང་མེད་དགག་བདེན་པའི་མིང་བསྙད་མཁན།།
ཐལ་རང་གཉིས་ཀྱི་གཡུལ་འགྱེད་ཤོར་ཚུལ་ལ།།
བསམ་གཞིག་མོས་པས་རང་སེམས་ལྷོད་ལ་བཞག །
ཐོབ་པའི་རེ་འབྲས་རྙེད་ཐབས་དཀའ་ན་ཡང་།།
ཡོད་ཚད་བློས་བཏང་རེ་བའི་འདུན་མ་འཚོལ།།
འཚོལ་སྙེགས་ཁྲི་འབུམ་ནང་ནས་འཚོ་བའི་ང་།།
བློ་བུར་ཕྱི་མར་ཆས་ན་ཡིད་རེ་མུག །
ལན་རེ་བསམས་ན་རང་ཉིད་འཁྲུལ་ནས་གདའ།།
ཐེངས་རེ་དྲན་དུས་གསོན་པ་དོན་སྙིང་འདུག །
ཁ་ཚོན་མ་ཆོད་མི་ཚེ་གཡར་མ་འདིའི།།
རང་གིས་འདོད་པ་ལྟར་གྱི་མི་ཞིག་བཅའ།།
ལྟོ་གོས་ཁ་ཟས་ཙམ་ལ་མ་ཆགས་པར།།
བསམ་པའི་མཐའ་ནི་ཅུང་ཙམ་ཡངས་པར་གདའ།།
ཉལ་དང་གཡེང་བའི་ལས་ཀྱིས་མགོ་འཁོར་བའི།།
ཁྱི་ཕག་བརྟུལ་ཞུགས་ཅན་ལས་ལྷག་པ་འདུག །
རང་རྨོངས་མུན་པའི་ཁྲོད་དུ་གནས་བཞིན་དུ།།
གཞན་གྱི་ཡོན་ཏན་མིག་གིས་མི་བཟོད་པས།།
བླུན་པོ་གོས་དཀར་བློ་སྙིང་ནག་པོ་ཅན།།
འདི་འདྲའི་སྣང་བརྙན་ཙམ་ཡང་ལྟ་སྙིང་བྲལ།།
སྤྱོད་པ་ཕལ་བའི་མི་དང་ཆེར་དམན་པའི།།
ང་རྒྱལ་རི་བོའི་གཟུགས་བཞིན་མཐོ་སྙམ་མཁན།།
མི་ཆོས་བླ་མའི་རྫུན་ལ་བྱང་ཆུབ་པའི།།
ཅོལ་ཆུང་བྱིས་པའི་བློ་ལ་ཁྲེལ་དགོད་འཆོར།།
རང་བྱུང་ཆོས་ཉིད་བུ་མོའི་མཛེས་ཉམས་ལ།།
སྒྱུ་འཕྲུལ་པིར་གྱིས་མཛེས་རིས་ཕབ་པ་ན།།
ཕྲག་པས་མ་བཟོད་སྡང་བའི་ཉམས་འགྱུར་ཅན།།
འདི་འདྲའི་གཤིས་ལ་ཞེན་པ་གཏིང་ནས་ལོག །
མགུར་མའི་སྙན་དབྱངས་རྣ་བར་ཐོས་པ་ན།།
ཉན་པར་མ་བཟོད་ཁྲོ་བའི་རྐྱེན་བསླངས་པའི།།
བླུན་པོའི་བློ་ཁོག་ཡུངས་འབྲུའི་བུ་ག་བཞིན།།
བདེན་གཏམ་གནས་ལུགས་ཤོང་སའི་སྣོད་མ་ཡིན།།
དེའི་ཕྱིར་ཤེས་རབ་ཅན་ལ་ང་དགའ་འོ།།
བརྩོན་སེམས་རེ་འདོད་ཅན་ལ་དེ་བས་ཀྱང་།།
སྨོན་ཚིག་གཅིག་ལས་མེད་ཀྱང་དབུལ་ན་འདོད།།
དགའ་བའི་རྣམ་འགྱུར་ཡིན་ཡང་མངོན་པར་མོས།།
བརྩོན་འགྲུས་ཆུ་རྒྱུན་རིང་མོ་དབེན་པའི་ལན།།
དཔྱོད་ཤེས་བློ་ལྡན་བཟང་པོ་མིན་པའི་སྐྱོན།།
ཕུན་ཚོགས་ལྔ་ལྡན་འཛོམས་པ་མི་སྲིད་ཀྱང་།།
རང་གིས་འདོད་པའི་དོན་ལ་འབད་འབུངས་བྱ།།
ཁ་ཡག་ངོ་བསྟོད་ཙམ་གྱིས་མ་བསླུས་པར།།
བཟང་ངན་དབྱེ་འབྱེད་ཙམ་ལ་མ་དོག་པས།།
ཕུགས་བསམ་ཡིད་ལ་བཅངས་པའི་དམ་ཚིག་གིས།།
རང་ཉིད་རང་གིས་གསལ་འདེབས་ཡང་ཡང་བྱ།།
༼ རྫ་ཤུལ་བློ་བཟང་། ༽
