国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དབྱངས་ཀྱི་མགུལ་རྒྱན།

མཐའ་ཡས་འཁོར་བའི་གྲོང་དུ་གནས་ཤིང་།།

ཆགས་སྡང་རྒྱ་མཚོའི་འགྲམ་དུ་བཅར་ནས།།

ཡོད་ཡོད་འདྲ་བའི་མི་ཚེའི་ནང་དུ།།

རང་སེམས་དབྱངས་ཀྱིས་བརླན་པ་བྱས་བྱུང་།།

རེ་ཞིག་འཁོར་བའི་དབུས་སྒོ་བཀག་ནས།།

དམ་ཆོས་ཁང་བཟང་ཚལ་དུ་ཕེབས་ཀྱང་།།

ཡིད་འདི་རང་སར་སྡོད་དབང་མེད་པར།།

དཀར་དམར་མེ་ཏོག་ཐང་ལ་ཤོར་སོང་།།

མཁའ་ཀློང་མཛེས་པའི་དབྱིངས་ཀྱི་མཐོངས་སུ།།

ཉི་ཟླའི་སྡུག་གུར་རིང་ནས་འཛུམ་དུས།།

ཡིབ་མེད་ལྷ་ཡི་ཞལ་རས་གསལ་ན།།

ཚེ་འདིར་མི་ཡུལ་འགྲིམ་པའི་དོན་ཡིན།།

སྐྱེ་འཆིའི་ཟློས་གར་སེམས་ལ་དྲན་ཞིང་།།

མི་རྟག་འཁོར་བར་ངེས་འབྱུང་ཅི་སྐྱེ།།

ཟབ་ཟབ་བརྩེ་བའི་བུ་མོའི་ཕྱོགས་སུ།།

ངེས་མེད་རྒྱུག་པའི་སེམས་པ་མཐུར་མེད།།

འདི་ཡི་པད་འཛུམ་མིག་ལ་ཡག་ཅིང་།།

འདི་སྣང་སྨིག་རྒྱུ་ངོམས་མེད་རྒྱུ་དུས།།

འདི་བདེན་གང་དུ་མངོན་ཤེས་ཅི་འཚོལ།།

འདི་དག་ཡོངས་སུ་སྣང་བའི་སྒྱུ་འཕྲུལ།།

བན་བུན་ནགས་ཀྱི་ཚལ་དུ་སྤྲོ་བའི།།

ཁུ་བྱུག་གསུང་ངག་སུས་ཀྱང་བསྩལ་ཨང་།།

རང་སེམས་སྒུལ་བའི་དབྱངས་རྟ་འདི་ཡང་།།

མ་བཅོས་མགྲིན་པའི་དབུས་ནས་ཐལ་བྱུང་།།

བསམ་ཞིང་བསམ་ན་འཁོར་བའི་བྱིང་ན།།

འདྲ་མིན་རིགས་ཀྱི་བྱ་བ་མོད་ཀྱང་།།

ལས་ཀྱིས་བསྐོས་པའི་ལམ་ཆུང་ཕྲ་མོར།།

ཅི་ནས་སྐྱོད་བཞིན་མདུན་ལམ་ཚོལ་དང་།།

ལྷན་འཛོམས་འཚོ་བའི་དགོད་སྒྲ་ཡངས་མོ།།

ཕྱིར་དྲན་ཀློང་དུ་ཡང་ཡང་བྲིས་པས།།

བདག་གི་ཉི་མ་ནུབ་རིར་ཡིབ་པ།།

ད་ལྟ་ན་འང་དང་ལེན་མི་ཐུབ།།

སྙན་ཚིག་མེ་ཏོག་རིང་ནས་གྲོལ་དུས།།

སྡེབ་སྦྱོར་ལེགས་པ་ཐོལ་དུ་བྱུང་དུས།།

དགའ་སྐྱོའི་འཚོ་བ་གང་འདྲ་ཡིན་རུང་།།

སྦ་གསང་མེད་པར་འདི་རུ་གཏམ་ཆོག །

ཁ་བ་དཀར་དཀར་རི་མཐར་ལྷུང་དུས།།

གངས་ཀྱི་པང་ནས་ཕྱོགས་སུ་ལྟ་དུས།།

ཡིད་དགའི་ཚོར་བ་ཟབ་ཟབ་སྟེར་མཁན།།

རྒྱང་རིང་མཛའ་གཅུགས་དྲན་པ་སྐྱེན་སོང་།།

རྒྱུད་འཇམ་ཁ་བའི་རིགས་སྲས་བཟང་མོ།།

འཚོ་བའི་ངོགས་ནས་ལན་གཅིག་མཇལ་དུས།།

ཁེར་རྐྱང་འཁྱམ་པོའི་ཡིད་ཀྱི་ངོས་སུ།།

བསུབ་མེད་གཟུགས་མཛེས་གསལ་བར་དོད་སོང་།།

དྲན་པའི་སྣང་བ་ཕྱོགས་སུ་ཤོར་མེད།།

རིག་བྱེད་དབྱངས་ཀྱི་འཁྲིས་སུ་རྒྱུ་སྟེ།།

སྙན་སྙན་རོལ་མོ་དྲག་ཏུ་བརྡུངས་ནས།།

མི་ཚོགས་སེམས་པ་ལྷང་ལྷང་སྒུལ་ལམ།།

༼ ཁམས་ཟླ་སྲས། ༽