སྤྱི་ཟླ10པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས20པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་དངོས་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་དགོས》ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་རྨང་གཞི་བརྟན་གཏོང་དང་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་མཚམས་ཤིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་འཆར་འགོད་བྱས་པའི་འཆར་གཞི་དག་དོན་དངོས་སུ་འགྱུར་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
རྩོམ་ཡིག་ནང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་བློ་ཐག་ཆོད་ཅིང་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་ཡར་རྒྱས་གོང་འཕེལ་འགྲོ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན། ང་ཚོས“སྲུང་སྐྱོང་གཉིས”དང་། ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་ནན་སྟོན་བྱེད་པ་དེ། ངེས་པར་དུ་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཁྲོད་མངོན་པར་བྱེད་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་རྒྱུ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་དང་ལས་འགན་བླང་བྱར་དམ་པོར་དམིགས་ནས། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ལ་ཤུགས་བརྒྱབ་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། སྔར་བས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་རླུང་རྩིའི་ནང་འཇུག་དགོས། ལམ་ལུགས་ཀྱི་གཏན་འབེབས་འཐུས་ཚང་དུ་བཏང་ནས་རླུང་རྩི་མཁྲེགས་པོ་ཞིག་བཟོ་དགོས་ལ། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་བཏང་ནས། འགྱུར་མེད་ཀྱི་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་ཞུ་བར་སུ་ཞིག་ལའང་ཁྱད་དབང་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་ལེན་བསྟར་བར་སུ་ཞིག་ལ་ཡང་དམིགས་བསལ་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ། “གཙོ་འགན་འཁུར་མཁན”གྱིས་སྣེ་ཁྲིད་དེ་ལམ་ལུགས་ལག་ལེན་བསྟར་བའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། སྔར་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བགྲོད་ལམ་ཞིག་ལེགས་པར་བཏོད་ཡོད་པས། བློ་བརྟན་འགྱུར་མེད་ངང་བགྲོད་ལམ་དེའི་ཐོག་མུ་མཐུད་དེ་བསྐྱོད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་ཁ་འཁེལ་མི་ཐུབ་ཅིང་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་ཡིན་པས། སྐད་ཅིག་ཙམ་ཡང་མཚམས་འཇོག་མི་རུང་བ་དང་། གོམ་ཕྱེད་ཙམ་ཡང་ཕྱིར་བཤོལ་བྱེད་མི་རུང་བར། ངེས་པར་དུ་མཐོ་གནོན་གྱི་རྣམ་པ་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་ཤུགས་དེ་བས་མང་བ་རྒྱག་དགོས་ཞེས་བསྟན་ཡོད།། ( ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན་ནས་དྲངས།)
