国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཝང་ཧུའུ་ཉིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསྐུལ་ཆེད་སེམས་ཤུགས་གཅིག་སྒྲིལ་བྱ་རྒྱུ་རྒྱུན་འཁྱོངས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ ཆོས་ལུགས་ལས་དོན་ཏན་ཏིག་ངང་ ཡག་པོ་བསྒྲུབ་དགོས་ཞེས་གསུངས།

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ10པའི་ཚེས17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན།རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སྤྱི་ཟླ10པའི་ཚེས13ནས་ཚེས16ཉིན་བར་སི་ཁྲོན་ཁྲེང་ཏུའུ་གྲོང་ཁྱེར་དང་། ཏེ་དབྱང་གྲོང་ཁྱེར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་མངོན་འགྱུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བསྐུལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་བའི་ལས་དོན་ནན་འཛིན་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་བ།ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་བརྒྱབ་སྟེ་མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་བརྟན་བརླིང་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

ཝང་ཧུའུ་ཉིང་སློབ་གྲྭ་ཆེ་འབྲིང་དང་ཁྲོམ་ལམ་སྡེ་ཁུལ། རིག་གནས་རྟེན་རྫས་བཤམས་མཛོད་ཁང་སོགས་སུ་ཕེབས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བར་ཞིབ་འཇུག་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན། མི་རིགས་ས་ཁུལ་གྱི་སློབ་གསོའི་རོགས་སྐྱོར་མཉམ་ལས་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བའི་གཙོ་ཐིག་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་འཛུགས་པ་རྒྱུན་འཁྱོངས་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ་དང་། འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་བ། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་བ་སོགས་ཀྱི་ལས་འགན་བླང་བྱ་དེ་དཔལ་འབྱོར་དང་སློབ་གསོ། ལས་ཞུགས། སྡེ་ཁུལ་འཛུགས་སྐྲུན། རིག་གནས་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སོགས་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ནང་མཉམ་འདྲེས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི“ངོས་འཛིན་གཅིག་མཐུན་ལྔ”ཟམ་མི་ཆད་པར་ཆེ་རུ་གཏང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་བའི་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བསྟར་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ནས་མི་རིགས་མཐུན་སྒྲིལ་ཁྲིམས་ལྟར་སྲུང་སྐྱོང་དང་འགན་སྲུང་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་གཞི་རྩའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་ཡང་དག་བྱེད་པ་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་ལ་ཤུགས་བསྣན་ཏེ། ཀྲུང་ཧྭའི་ཤེས་དཔལ་སྣ་མང་གཞི་གཅིག་ཅན་གྱི་རྣམ་པ་མངོན་ཞིང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མང་ཚོགས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་རོལ་ཐུབ་པ་བྱ་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་གིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བསྐུལ་བའི་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བྱེད་ཕྱོགས་རྒྱུན་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་ཏེ་རང་རྒྱལ་གྱི་ཆོས་ལུགས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་དང་།སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་བྱ་དགོས། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་བརླིང་ལ་སྲུང་སྐྱོང་བྱ་དགོས་ཞེས་གསུངས།

ཝང་ཧུའུ་ཉིང་སི་ཁྲོན་ཞིང་ཆེན་སྲིད་གྲོས་ལས་ཁུངས་དང་གསེར་རྟ་རྫོང་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་སྲིད་གྲོས་ལས་དོན་ལ་རྟོག་ཞིབ་གནང་བར་མ་ཟད།སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་འཚམས་འདྲི་གནང་བ་རེད། ཁོང་གིས་ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞི་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།“ཆིག་འདྲིལ་བཞི”ལ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་ལས་དོན་བཅས་ཏན་ཏིག་བསྒྲུབ་དགོས་ཞེས་གསུངས།

རྟོག་ཞིབ་གནང་རིང་ཝང་ཧུའུ་ཉིང་གིས་ད་དུང་ཁྲེང་ཏུའུ་ཐེན་ཧྥུ་གྲོང་གསར་དང་འབྲེལ་ཡོད་ཚན་ཞིབ་ལས་ཁུངས། ཐའེ་ཝན་གྱིས་མ་དངུལ་བཏང་བའི་ཁེ་ལས་བཅས་ལ་རྟོག་ཞིབ་གནང་བ་རེད།

ལི་ཀན་ཅེ་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད།།

( ལྷ་འཛོམས་ཀྱིས་བསྒྱུར།)