国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་དགུ་གཉིས་དུས་ཆེན་ལ་ འཚམས་འདྲི་གནང་བའི་བྱེད་སྒོ་སྤེལ།

སྤྱི་ཟླ10པའི་ཚེས15ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་གཉིས་རྟའུ་རྫོང་རྒན་གསོ་ཁང་དུ་རྒན་རྒོན་རྣམས་ལ་འཚམས་འདྲི་གནང་བར་ཕེབས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་རྒན་རྒོན་དང་བགྲེས་སོང་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཀྲའོ་པོ་ཡིས་ལུས་ཟུངས་ཤོར་བའི་རྒན་རྒོན་རྣམས་ཀྱི་རྒྱུན་གཏན་ལྟ་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་།ལུས་སྦྱོང་ཁང་དང་ཞབས་བྲོ་ཁང་སོགས་བྱེད་ནུས་ལྡན་པའི་བྱེད་སྒོ་སྤེལ་ཁུལ་དུ་ཕེབས་ཏེ་རྒན་རྒོན་ཚོའི་རིག་རྩལ་བྱེད་སྒོ་སྒྲིག་འཛུགས་བྱེད་ཚུལ་དང་།རོལ་རྩེད་ཞབས་ཞུ་མཁོ་འདོན།སྒྲིག་ཆས་དོ་དམ་དང་བེད་སྤྱོད་བྱེད་ཚུལ་ལ་ཆ་རྒྱུས་བླངས་པར་མ་ཟད། རྒན་གསོ་ཁང་གི་གཉེར་སྐྱོང་དོ་དམ་དང་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་འཚོ་བའི་འགན་ལེན། ཆ་ཚང་ཞབས་ཞུ་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་སྙན་སེང་ལ་གསན་པ་རེད། ཁོང་གིས་རྟའུ་རྫོང་གིས་རྒན་གསོའི་ཞབས་ཞུ་ཞིབ་ཚགས་བྱས་ནས་རྒན་གསོ་ཁང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་དགོས་པ་དང་། འཚོ་སྐྱོང་འགན་ལེན་གྱི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་ནས་རྒན་རྒོན་ཚོ་བློ་བདེ་བག་འཕེལ་གྱི་འཚོ་བ་སྐྱེལ་ཐུབ་པ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཀྲའོ་པོ་ཡིས་ད་དུང་རྒྱལ་ཡོངས་དམངས་སྲིད་ཁོངས་གཏོགས་ཀྱི“སྒེར་སེམས་མེད་པར་བྱས་རྗེས་འབུལ་བའི་བྱ་དགའ”ཐོབ་མཁན་རྟའུ་རྫོང་རྒན་གསོ་ཁང་གི་འགོ་འཛིན་པ་རིག་བསྟན་ཆུང་ཆུང་ལ་ཆེད་མངགས་འཚམས་འདྲི་གནང་ཞིང་། ཁོ་ལ་མིག་དཔེའི་ནུས་པ་འདོན་སྤེལ་དང་ནད་གཡོག་དཔུང་ཁག་སྟོབས་ཆེར་གཏོང་བ། མཐོ་སྒང་གི་རྒན་གསོའི་ཞབས་ཞུ་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྒན་རྒོན་ཚོའི་ཚེ་མཇུག་གི་བདེ་སྐྱིད་འཚོ་བ་སྲུང་སྐྱོང་ཡག་པོ་བྱ་དགོས་པའི་ལྕག་སྐུལ་གནང་བ་རེད།

ཀྲའོ་པོ་ཡིས་རྒན་བཀུར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་ཡིན་པ་དང་རྒན་གཅེས་རྒན་རོགས་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཞིག་རེད། ཁུལ་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒན་རྒོན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱས་ནས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་ལེན་མ་ལག་དང་རྒན་གསོའི་ཞབས་ཞུའི་མ་ལག། བདེ་ཐང་འདེགས་སྐྱོར་མ་ལག་བཅས་མགྱོགས་མྱུར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་རྒན་རྒོན་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས། མཐོ་གྲང་འབྲོག་ཁུལ་དང་ཐག་རིང་ལུང་ཁུག་ཞིང་སྡེ་ལ་དམིགས་ཏེ་རྒན་རྒོན་ཚོའི་དགོས་མཁོ་དངོས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཞབས་ཞུ་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ནས་ཞན་ཆ་དང་མི་འདང་ས་གང་མགྱོགས་གསབ་དགོས། སེམས་ཤུགས་དང་བརྩེ་སེམས་ཆེན་པོས་རྒན་རྒོན་ཚོགས་སྤྱིར་གཅེས་སྐྱོང་བྱས་ནས་གཞི་རྩའི་འཚོ་བ་དང་བདེ་ཐང་ཉེན་མེད། བསམ་པའི་རིག་གནས་མཁོ་སྤྲོད་བཅས་འགན་ལེན་ཏན་ཏིག་བྱས་ཏེ་རྒན་རྒོན་ཚང་མར་རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་སྤྲོ་སྣང་ལྡན་པ། རྒས་དུས་བདེ་བ་ཡོད་པ་བཅས་བྱ་དགོས། སྲི་ཞུ་རྒན་བཀུར་གྱི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་རྒྱུན་མཐུད་ངང་དར་སྤེལ་གཏོང་བ་དང་། རྒན་གཅེས་རྒན་རོགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ནས་རྒན་རྒོན་ལ་བསྙེན་བཀུར་གྱི་ཡ་རབས་སྲོལ་བཟང་བཙུགས་ནས་རྒན་རྒོན་ཚོར་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་།ཟམ་མི་ཆད་པར་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཆེ་རུ་གཏང་དགོས་ཞེས་ནན་གསུངས་གནང་།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཅིན་ཐེན་ཆང་དང་།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་རྟའུ་རྫོང་གི་འགན་འཁུར་བློ་མཐུན་རྣམས་བྱེད་སྒོར་ཞུགས་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)