གསེར་མདོག་གི་སྟོན་མཇུག་སླེབས་དུས། རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་ཤིང་ཏོག་གི་དྲི་ཞིམ་གྱིས་ཡོངས་སུ་ཁྱབ། དར་མདོ་གྲོང་ཁྱེར་གུ་བྲག་གྲོང་རྡལ་བྲག་མགོ་གྲོང་སྡེའི་ཝེ་ན་སི་ཀུ་ཤུ་ལ་ལོ་ལེགས་བྱུང་། བཟའ་ཤིང་ར་བར་གསེར་མདོག་གི་ཀུ་ཤུས་མགོ་ལྕོག་ལྡེམ་བཞིན་སིལ་ར་པ་ཚོས་བཟའ་ཤིང་ར་བའི་ནང་ཤིང་ཏོག་འཐོག་པ་དང་།རིམ་དབྱེ་བ། ཐུམ་རྒྱག་པ་སོགས་ཀྱི་ལས་ཀར་བྲེལ་ནས་མི་ཁོམ་མི་ལྕོགས་བྱེད་བཞིན་ཡོད།
བྲག་མགོ་གྲོང་སྡེ་ནི་རྒྱལ་མོ་རྔུལ་ཆུའི་ནུབ་རྒྱུད་དུ་གནས་ཤིང་། ཞིང་ཆེན་གྱི་གཞུང་ལམS211གི་འགྲམ་རྒྱུད་དུ་ཆགས་ཡོད། ཆ་སྙོམས་ཀྱི་མཚོ་འཕགས་སྨི1600ནས1800བར་ཡིན་པ་དང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་ཉི་འོད་ཕོག་ཚད་འདང་ངེས་ཡོད་པས་སྤུས་ལེགས་ཀྱི་ཀུ་ཤུ་འདེབས་འཛུགས་ཡག་ཤོས་ཤིག་ཡིན། དེ་ག་ནས་ཐོན་པའི་ཝེ་ན་སི་ཀུ་ཤུའི་སྤུས་ཀ་ལེགས་ཤིང་བྲོ་བ་ཞིམ་པ། ཤིང་ཏོག་གི་མངར་ཚད་ཏུའུ16ཡན་བརྟན་པོ་ཡིན་པར་མ་ཟད། ཐུན་མོང་མ་ཡིན་པའི་སྦྲང་རྩིའི་དྲི་ཞིམ་ལྡན་པས་ཁྲོམ་རར་རྒྱ་ཆེ་བའི་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། བྲག་མགོ་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དབྱང་ཅེ་ཡིས་ད་ལོར་གྲོང་པ་ནང་ཝེ་ན་སི་དང་། ཆིན་ཚུའེ། ཧུང་ཧྥུ་ཧྲི། རུའེ་ཞུའེ་བཅས་ཀྱི་ཀུ་ཤུའི་རིགས་འདེབས་འཛུགས་བྱས་པ་ཡིན། ཀུ་ཤུའི་འདེབས་ཁྱོན་མུའུ500ལྷག་ལ་ཟིན་ཞིང་། ལོ་རེའི་ཆ་སྙོམས་ཐོན་ཚད་རྒྱ་མ་ཁྲི25ཙམ་ལ་སླེབས་པ་དང་། ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི200ལས་བརྒལ་བ་དང་། དེའི་ཁྲོད་ཝེ་ན་སི་ཀུ་ཤུའི་སྔོན་དཔག་ཐོན་ཚད་རྒྱ་མ་ཁྲི15ལ་ཟིན་རྒྱུ་དང་། ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་ཁྲི180ཙམ་ལ་ཟིན་རྒྱུ་རེད། ཀུ་ཤུའི་ཐོན་ལས་དེ་ཡུལ་མིའི་ཡོང་འབབ་འཕར་བྱེད་ཀྱི་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།
བྲག་མགོ་གྲོང་སྡེའི་ཀུ་ཤུ་འདེབས་འཛུགས་ཀྱི་སྣེ་ཁྲིད་པ་ལིའུ་ཏེ་རུང་གིས་ཁྱོན་བསྡོམས་ཀུ་ཤུ་ལྡུམ་ར་མུའུ52བདག་གཉེར་བྱེད་བཞིན་ཡོད། ད་ལོར་ ཤིང་འབྲས་ཁྲི15ལ་སྲུང་སྐྱོབ་ཁུག་མ་བསྐོན་པ་དང་། སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི30ལ་ཟིན་རྒྱུ་རེད། འདེབས་འཛུགས་དུད་ཚང་ཀྲང་ཁྲུན་ཧྭ་ཡིས་ལྡུམ་རའི་ཐོན་ལེགས་ཀུ་ཤུ་ལ་ལྟ་བཞིན་ངོ་ལ་འཛུམ་གྱིས་ཁེངས་ནས་ད་ལོ་ནི་ངེད་ཚང་གིས་ཀུ་ཤུ་བཏབ་ནས་ལོ་བཞི་པ་ཡིན། ཀུ་ཤུའི་སྤུས་ཚད་ཧ་ཅང་བཟང་ཞིང་བྲོ་བ་ཡང་ཞིམ་པོ་ཆགས་འདུག། ཚོང་པ་ཁག་གཅིག་ཐད་ཀར་སྒོ་ཁར་ཀུ་ཤུ་འཐུ་འཐོག་བྱེད་དུ་ཡོང་བ་དང་། ཁག་གཅིག་གིས་ཁ་པར་དང་སྐད་འཕྲིན་ཐོག་ནས་མངགས་ཉོ་བྱས་པས་ཕྱིར་ཚོང་མི་ཐུབ་པའི་སེམས་ཁྲལ་རྩ་བ་ཉིད་ནས་མེད་ཅེས་བཤད།
བཟའ་ཤིང་ར་བའི་འགྲམ་གྱི་གནས་སྐབས་ཀྱི་འདེམས་སྒྲུག་ས་ཚུགས་སུ། སིལ་ར་པ་ཚོས་འཐོག་མ་ཐག་པའི་ཀུ་ཤུ་དེའི་ཆེ་ཆུང་དང་ཁ་དོག་ལ་གཞིགས་ནས་རིམ་པ་ཕྱེས་ཏེ་སྲུང་སྐྱོབ་ཁུག་མ་བསྐོན་པ་དང་ཤོག་སྒམ་ནང་བླུགས་རྗེས་སྦྲག་སྲིད་དང་། ཅིན་ཏུང་། ཀྲུང་ཐུང་སོགས་ཀྱི་ཟོག་འགྲེམས་བརྒྱུད་དེ་ས་གནས་ཁག་ལ་ཚོང་བཞིན་ཡོད། བྲག་མགོ་གྲོང་སྡེའི་བཅའ་སྡོད་ཧྲུའུ་ཅི་དང་པོ་དབྱང་ཅེས་ང་ཚོའི་ཀུ་ཤུ་རང་ཡུལ་དུ་འཚོང་པར་མ་ཟད། ཧྥུ་ཅན་དང་། ཀོང་ཏུང་། ཀྲེ་ཅང་། པེ་ཅིང་སོགས་སུ་ཕྱིར་ཚོང་བྱེད་ཀྱིན་ཡོད། ད་མི་འགྱངས་བར་ཧུང་ཧྥུ་ཧྲི་དང་རུའེ་ཞུའེ་ཡི་ཀུ་ཤུ་འཐོག་རན་འདུག་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་དར་མདོ་མཛའ་གཞས་ཀྱི་གྲགས་རྟགས་ལ་བརྟེན་ནས་སྤུས་ལེགས་ཀུ་ཤུ་ཐོན་ལས་རྒྱུན་མཐུད་ངང་བསྐྲུན་ཏེ། ཀུ་ཤུ་འདེབས་འཛུགས་དང་ཡུལ་སྡེའི་ཡུལ་སྐོར། རིག་གནས་མྱོང་རོལ། གློག་རྡུལ་ཚོང་དོན་ཕྱིར་ཚོང་སོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་བསྐུལ་ནས་ཞིང་དུད་དེ་བས་མང་བ་ཐོན་ལས་སྦྲེལ་ཐག་ནང་ཞུགས་ཏེ་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཐུབ་པ་བྱས། ད་ལྟ་དར་མདོ་གྲོང་ཁྱེར་རྒྱུ་ལའི་ཤར་རྒྱུད་ཀྱི་ཀུ་ཤུ་འདེབས་འཛུགས་ཁྱོན་བསྡོམས་མུའུ3658ལ་ཟིན་པ་དང་། སྔོན་དཔག་བྱས་ན་ལོ་རེའི་ཐོན་ཚད་ཏུན4000ལ་ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི6400ཙམ་ལ་ཟིན་རྒྱུ་རེད། རྒྱལ་མོ་རྔུལ་ཆུའི་འགྲམ་རྒྱུད་དུ་མགོ་ལྕོག་ལྡེམ་བཞིན་པའི་ཤིང་ཏོག་སྡོང་པོ་རེ་རེས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་རེ་བའི་འབྲས་བུ་སྨིན་ཞིང་། མ་འོངས་པའི་འཚོ་བར་བདེ་སྐྱིད་དང་རེ་བས་ཁེངས་བཞིན་ཡོད་དོ།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
