སྟོན་ཟླ་བཅུ་པར། བརྒྱད་ཟིལ་རྫོང་གི་ཤར་ལྷོའི་རྒྱུད་དུ་གནས་པའི་ས་ཡ་གྲོང་རྡལ་ནས་གཏམ་བཟང་ཞིག་ཐོན་པ་སྟེ། མཚོ་འཕགས་སྨི1900ཡོད་པའི་མཐོ་སྒང་སྐས་ཞིང་ཐོག་གྲོང་རྡལ་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཚོད་འདེབས་བྱས་པའི་ཆུ་འབྲས་མུའུ2ཟླ་ལྔ་རིང་སྐྱེ་འཕེལ་བྱུང་ནས་བསྡོམས་འབོར་རྒྱ་མ1000ལྷག་ལ་ཟིན་ཞིང་། དེ་ནི་ས་ཡ་གྲོང་རྡལ་གྱིས་ཆུ་འབྲས་ཐོན་ལས་སྤེལ་བར་འགག་རྩའི་གོམ་སྟབས་ཤིག་སྤོས་པར་མ་ཟད། ས་གནས་དེ་ག་ནས་མཐོ་སྒང་ལ་ཆུ་འབྲས་འདེབས་མི་འཚམ་པ་དང་བཏབ་ཀྱང་ཐོན་འབབ་དམའ་བའི་ལོ་རྒྱུས་ཀྱི་དཀའ་གནད་བསལ་བ་རེད།
ས་ཡ་གྲོང་རྡལ་ནི་དཔེ་མཚོན་གྱི་དྲང་འཕྱང་གནམ་གཤིས་ཁུལ་ཡིན་ཞིང་གྲོང་རྡལ་གྱི་མཚོ་འཕགས་ཧེ་བག་ཆེ་བས་མཚོ་འཕགས་མཐོ་ཤོས་སྨི4800ལས་བརྒལ་བ་དང་དམའ་ཤོས་སྨི1700ཡིན་པ་རེད། ལོ་རྒྱུས་ཐོག་ས་གནས་དེ་གར་ཆུ་འབྲས་བཏབ་མྱོང་ཡང་།ཐོན་ཚད་དམའ་དྲགས་པའི་དབང་གིས་ཡུལ་མི་ཚོས་མ་རྨོས་ལོ་ཏོག་འདེབས་འཛུགས་བྱེད་པར་བསྒྱུར། ད་བར་གྲོང་རྡལ་ཡོངས་སུ་ཆུ་འབྲས་འདེབས་འཛུགས་ཀྱི་ལག་རྩལ་ཤེས་མཁན་མི་ཉུང་ཉུང་ལས་མེད་པ་རེད། ཐོན་ལས་ཀྱི་སྟོང་ཆ་དེ་སེལ་ཆེད། 2026ལོའི་ལོ་འགོར་རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ས་ཡ་གྲོང་རྡལ་གྱིས་དོན་དངོས་ལ་དམིགས་ནས་ཆུ་འབྲས་འདེབས་འཛུགས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཆུ་འབྲས་ཐོན་ལས་བསྐྱར་འདེབས་བྱ་རྒྱུར་བསྐུལ་ཏེ། ཡུལ་མི་ཚོས་ཚོད་ལྟ་བྱེད་འདོད་མེད་པའི་སེམས་ཁྲལ་ལ་དམིགས་ནས་གྲོང་རྡལ་ལས་ཁུངས་ཀྱིས་རང་འགུལ་ངང་སྣེ་ཁྲིད་དེ་འདེབས་འཛུགས་ཀྱི་ཉམས་མྱོང་ཡོད་པའི་ཡུལ་མི2དང་སྐས་ཞིང་མུའུ2གླས་ནས་མཚོ་འཕགས་སྨི1900ཡི་སར་ཆུ་འབྲས་ཐོན་མཐོ་ཁུལ་ནས་ནང་འདྲེན་བྱས་པའི་ས་བོན་སྣ་ཁ4བཏབ་ཡོད།
ཚོད་ལྟའི་འདེབས་འཛུགས་བྱེད་རིང་ས་ཡ་གྲོང་རྡལ་གྱིས“ལས་བགོས་དོ་དམ་འགོ་ཁྲིད་གཅིག་དང་དོ་དམ་པ་གཅིག”གི་ཆེད་ལས་མི་སྣའི་འགན་འཁུར་ལམ་སྲོལ་ཆེད་མངགས་དོན་འཁྱོལ་བྱས་ནས་ཞིང་ལས་ཚན་རིག་ཁང་དང་ཞིང་ལས་ལས་རིགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་དང་རང་འགུལ་ངང་འབྲེལ་མཐུད་བྱས་པ་དང་། ཆུ་འབྲས་སོན་འདེམས་དང་ཞིང་ཁར་དོ་དམ་བར་རིགས་གཅིག་མཁས་ཅན་ཚོ་ཆུང་གིས་དུས་དང་རྣམ་པ་ཀུན་ཏུ་གནས་ཚུལ་རྗེས་སྙེགས་བྱས་པར་མ་ཟད་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་ནང་འདྲེན་བྱས་པས་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་པ་རེད།
ཐོན་ཚད་ཚད་ལེན་བྱ་ཡུལ་དུ་ཆུ་འབྲས་རིགས4ལ་ཁྱོན་འབྲས་རྒྱ་མ1000ལྷག་ཐོན་ལེགས་བྱུང་ཡོད།
ཕྱོགས་བསྡུས་དཔྱད་དཔོག་བྱས་པ་བརྒྱུད།ཆིང་ཏའོ་ཆུ་འབྲས་ཨང7པ་དང་ཡུན་ནན་འབྲས་དཀར་ཨང57པའི་ཐོན་ཚད་དེ་བས་ ལེགས་པས་མུའུ་རེའི་རྒྱ་མ1600དང1500སོ་སོར་ཟིན།འཕྲོད་པའི་རང་བཞིན་བཟང་བས་ས་ཡ་གྲོང་རྡལ་དུ་འདེབས་འཛུགས་ཁྱབ་གདལ་གཏོང་རྒྱུར་འཚམ་ཤོས་ཡིན་པ་རེད།
ལོ་ན60ལ་སླེབས་པའི་ཨ་ཕུའུ་ལགས་ཀྱིས་དེ་སྔ་ང་ཚོས་ཀྱང་འདེབས་མྱོང་ཡོད། སྐབས་དེ་དུས་ས་ཞིང་མུའུ་གཅིག་ལ་འབྲས་རྒྱ་མ600ཙམ་ལས་ཐོན་མི་ཐུབ། ད་རེས་ཐོན་ཚད་མཐོ་པོ་དེ་འདྲ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། སང་ལོར་ང་ཚོས་ཀྱང་ཆུ་འབྲས་རྨོ་རྒྱུ་ཡིན་ཞེས་བཤད།།
( ཀུན་དགའ་ཡིས་བསྒྱུར།)
