国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ས་རྒོད་བཟའ་ཤིང་ར་བར་བསྒྱུར།

ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་མཁར་རྫོང་གྲོང་སྡེས་རི་སྐེད་ནས་ཡོང་འབབ་འཕར་ཐབས་རྙེད།

ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་མཁར་རྫོང་གྲོང་སྡེར་སྐྱོད་སྐབས་བཟའ་ཤིང་ར་བའི་ནང་གི་ལྗང་ལོ་སྟུག་པོའི་བར་ན་དམར་མདངས་ལྡན་པའི་ཀུ་ཤུ་སྤུས་ལེགས་མང་པོ་ཐོགས་ཡོད་པས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རི་ཁུལ་ཐོན་ལས་ཀྱི་རི་མོ་ཞིག་མིག་ལམ་དུ་མངོན་ཡོང་།

མཁར་རྫོང་གྲོང་སྡེ་སྡེ་དབུས་གྲོང་རྡལ་གྱི་ནུབ་བྱང་རྒྱུད་དུ་ཡོད་ཅིང་།ལྕགས་ཟམ་རྫོང་གྲོང་དང་བར་ཐག་སྤྱི་ལེ31དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ12.32ཡོད། རི་སྐེད་ཀྱི་མཚོ་འཕགས་སྨི1700ཡན་ཡིན་ཞིང་། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆེ་བ་དང་། ཉི་འོད་འདང་ངེས་འཕྲོ་ཐུབ་ལ་གནམ་གཤིས་ཀྱི་ཆ་རྐྱེན་ཐུན་མོང་མ་ཡིན་པ་བཅས་ཀྱིས་ཤིང་འབྲས་སྐྱེ་བར་ཧ་ཅང་འཚམ་པོ་ཡོད།

ཉེ་བའི་ལོ་ཤས་རིང་གྲོང་སྡེས་ཐོན་ཁུངས་ལ་དམིགས་ནས་ས་ཞིང་འཁོར་རྒྱུག་ལ་བསྐུལ་བ་དང་། ས་ཆ་ཐར་ཐོར་ལེགས་སྒྲིག་བྱས་ནས་རི་སྐེད་ཀྱི་ཁྱད་ལྡན་ཤིང་འབྲས་ཐོན་ལས་འཕེལ་རྒྱས་བཏང་བ་དང་།ཤིང་འབྲས་འདེབས་འཛུགས་རྟེན་གཞི་མུའུ་སྟོང་ལྷག་བསྐྲུན་ནས“སྤྱི་གཉེར་ཁང་དང་། རྟེན་གཞི། ཞིང་དུད”མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་ལམ་བུར་སྐྱོད་བཞིན་ཀུ་ཤུ་དང་ལི། ཁམ་བུ་སོགས་ཁྱད་ལྡན་ཤིང་འབྲས་མང་པོ་གསོ་སྤེལ་བྱས་ཡོད། དེ་ལས་ཀུ་ཤུ་ནི་མཁར་རྫོང་གྲོང་སྡེའི་ཐོན་རྫས་གཙོ་བོར་གྱུར་ཏེ། ཞའོ་ཀྲོང་ཙེ་ཚོ་ཆུང་གི་ཀུ་ཤུ་འདེབས་འཛུགས་རྟེན་གཞི་ནི་གྲོང་སྡེ་ཡོངས་དང་ཐ་ན་གྲོང་རྡལ་ཡོངས་ཀྱི་ཀུ་ཤུ་ཐོན་ལས་དེང་རབས་ཅན་འཕེལ་རྒྱས་ཀྱི་དཔེ་སྟོན་ཏུ་གྱུར་ཡོད།རྟེན་གཞིའི་འགན་འཁུར་བ་ལི་ཁྲེང་པིན་གྱིས་རྟེན་གཞིས་ཁྱོན་ས་ཆ་མུའུ300ལྷག་འཁོར་རྒྱུག་བྱས་པ་དང་ལས་གཞི་ཧྲིལ་པོར་མ་དངུལ་སྒོར་ཁྲི200ལྷག་བཏང་ཡོད།ད་སྔར་འདེབས་འཛུགས་རྟེན་གཞི་མུའུ120བསྐྲུན་ཟིན་ཞིང་ས་ཆ་ལྷག་མ་རྣམས་སང་ལོར་མུ་མཐུད་འདེབས་འཛུགས་བྱ་རྩིས་ཡོད་ཅེས་ངོ་སྤྲོད་བྱས།

ལི་ཁྲེང་པིན་གྱིས“ང་ཚོས་སྤུས་ལེགས་ཀུ་ཤུ་སོན་བཟང་སྣ་ཁ་གསུམ་བདམས་ནས་འདེབས་པ་ཡིན།དེ་དག་ནི་སྲོལ་རྒྱུན་གྱི་རི་ཁུལ་བཟའ་ཤིང་ར་བ་དང་མི་འདྲ་བར་སྡོང་ཕྲུག་འདེམས་གསོ་དང་། སྒྲོམ་འཛུགས་དོ་དམ། ལུད་རྒྱག་གསོ་སྐྱོང་བར་གྱི་གནད་དོན་ཚང་མར་ཚོད་འཛིན་ནན་པོ་བྱས་ཏེ་སྔོན་ཐོན་གྱི་བཟའ་ཤིང་ར་བའི་དོ་དམ་བྱེད་སྟངས་སྤྱད་ཡོད། ད་ལོ་ནི་བཟའ་ཤིང་ར་བར་འབྲས་བུ་ཐོགས་པའི་ལོ་དང་པོ་ཡིན་པས་སྔོན་དཔག་བྱས་ན་མུའུ་རེའི་ཐོན་འབབ་རྒྱ་མ1000ཙམ་ལ་ཟིན་རྒྱུ་དང་།སང་ལོར་འབྲས་བུ་ཐོགས་པའི་དུས་སུ་སླེབས་སྐབས་མུའུ་རེའི་ཐོན་འབབ་རྒྱ་མ3000ཡན་ཟིན་རྒྱུ་རེད། དེ་སྔ་བེད་མེད་དུ་ལུས་པའི་ས་རྒོད་རི་ཞིང་ཕལ་ཆེར་ད་ཆ་འབྲས་བུ་གཡུར་དུ་ཟ་བའི་ཀུ་ཤུ་ལྡུམ་རར་གྱུར་ཡོད། རྟེན་གཞི་འཕེལ་རྒྱས་ཕྱིན་པ་དང་དུས་མཉམ་དུ་ཉེ་འཁོར་གྱི་ཞིང་དུད་ལ་སྒོ་འགྲམ་ལས་གནས་བཏོད་ནས་ལོ་ཧྲིལ་པོར་མི1000ལྷག་ལས་ཞུགས་ཐུབ་ཡོད་ཅེས་བཤད།

མཁར་རྫོང་གྲོང་སྡེས་ཁྱད་ཆོས་ཀུ་ཤུ་ཐོན་ལས་འཕེལ་རྒྱས་བཏང་ནས་ས་རྒོད་ཐོན་ལས་གླིང་དུ་བསྒྱུར་བར་མ་ཟད། མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་ཕན་མཉམ་སྤྱོད་ཐུབ་པ་བྱུང་ཡོད། ཕྱིན་ཆས་སྡེ་དབུས་གྲོང་རྡལ་གྱིས་སོན་བཟང་དཔེ་སྟོན་གྱི་ཕན་འབྲས་མུ་མཐུད་ཆེ་རུ་གཏང་རྒྱུ་དང་། རི་སྐེད་ཤིང་འབྲས་དང་སྔོ་ཚལ་གྱི་སྤྱི་པའི་སྤུས་རྟགས་ཐོ་འགོད་སྐྱེད་སྲིང་མགྱོགས་སུ་གཏོང་བ། ཁྱིམ་ཚང་ཞིང་ར་དང་ཞིང་ལས་ལས་རིགས་གཉེར་དཔོན་དཔུང་ཁག་ལ་རོགས་སྐྱོར་ཤུགས་ཆེན་བྱེད་པ། སྲོལ་རྒྱུན་གྱི་ཁ་ཐོར་འདེབས་འཛུགས་དེ་གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་ཕྱོགས་སུ་བསྒྱུར་རྒྱུ་ཡིན་པ་རེད།།

( ཀུན་དགའ་ཡིས་བསྒྱུར།)