སྐུ་ལ་གཞོན་ནུའི་ཆ་བྱད་ཡོངས་སུ་རྫོགས།།
གསུང་ལ་དྲུག་ཅུའི་དབྱངས་སྙན་རང་སྒྲ་རྒོད།།
ཐུགས་ལ་བྱམས་བརྩེ་འོད་ཀྱི་གཟི་བྱིན་འབར།།
ལྷག་པའི་ལྷ་གཅིག་ངག་དབང་ལྷ་མོར་འདུད།།
བརྒྱད་གཉིས་ལང་ཚོའི་དཔལ་རབ་ལེགས་པར་སྨིན།།
དཀར་འཇམ་ཕྱག་གིས་སྐྱོར་བའི་སྒྲ་དབྱངས་སྙན།།
སྙན་འགྱུར་འདབ་སྟོང་གྲོལ་བའི་ཚངས་སྲས་མ།།
མ་ལྟར་བརྩེ་བས་བདག་ལ་ལན་གཅིག་གཟིགས།།
རྒྱལ་ཀུན་དགྱེས་པའི་ངག་རིག་མགྲིན་བཟང་མ།།
མཚར་སྡུག་དབྱངས་ཀྱིས་རྫོགས་ལྡན་རྒྱ་མཚོ་ཆེ།།
དད་གསུམ་རབ་དཀར་ཚིག་བཟང་ཕུལ་བ་ཡིས།།
ངག་གི་དངོས་གྲུབ་མ་ལུས་བསྩལ་དུ་གསོལ།།
བསོད་ནམས་བསིལ་ཆར་ཕབ་དང་ལྷན་ཅིག་ཏུ།།
གསང་གསུམ་ཆུ་ཤེལ་ཟླ་བའི་གཙུག་རྒྱན་མཛེས།།
སྙན་འགྱུར་འདོད་དགུའི་བྱིན་རླབས་དཔལ་སྟེར་མ།།
ངག་རིག་སྨྲ་བའི་གྲོགས་སུ་འབྱོན་པར་མཛོད།།
རིན་ཆེན་གཞལ་མེད་དབུས་ཀྱི་མཛེས་པ་དེ།།
ཁྱོད་སྐུ་ཟླ་བའི་མདོག་ལས་གཞན་ཞིག་མེད།།
སྣ་མང་ཡོན་ཏན་ཕོན་པོའི་བསང་གཏོར་གྱིས།།
ཐ་སྙད་དབུལ་བའི་བུ་ལ་བྱ་ར་མཛོད།།
སྣ་ཚོགས་དར་ཟབ་གོས་ཀྱིས་མ་སྤུད་ཀྱང་།།
ལེགས་ཚོགས་དབྱངས་ཀྱི་མཛོད་ལྡན་ན་ཆུང་མ།།
ངག་རིག་པད་མའི་དར་དཀར་གཡུག་བཞིན་དུ།།
སྡེབ་ལེགས་ཚིག་གི་འཕྲུལ་བ་སེལ་གྱུར་ཅིག།
ཞི་བའི་ལས་མཛད་ངག་དབང་དབྱངས་ཅན་མས།།
བརྩེ་ཆེན་སྒྱུ་འཕྲུལ་སྟོང་གིས་རྒྱུད་མངས་དཀྲོལ།།
རབ་མཛེས་ཞལ་དཀར་བསྡུས་པའི་སྨིན་ལེགས་མ།།
བདག་ཡིད་བློ་མུན་སེལ་བའི་ཐབས་སུ་བཞུགས།།
རིང་ནས་བསྟེན་པའི་ཚངས་སྲས་ལྷ་མོ་ཀྱེ།།
ངག་རིག་པད་མོ་བཞད་པའི་གཉེན་དུ་བཀུར།།
མི་ཟད་འཕྲིན་ལས་བསང་གཏོར་འབུམ་ཕྲག་གིས།།
བདག་བློའི་རྨོངས་མུན་རྩད་ནས་འབྱིན་གྱུར་ཅིག།
༼ གངས་ཟླ་གསལ། ༽
