国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྨན་ཆུང་།

གངས་རི་བརྩེགས་པའི་ཞིང་ཁམས་སུ།།

སྐྱེས་པའི་སྨན་ཆུང་འཛུམ་ཡག་མ།།

ཤིན་ཏུ་མཛའ་བའི་རྣམ་འགྱུར་དག།

ཐོག་མ་ཉིད་ནས་ཡོད་པ་འདྲ།།

བདུད་རྩི་ཆུ་ཡིས་བཀྲུས་པ་བཞིན།།

ཞལ་རས་ཉ་གང་ཟླ་བའི་ཁྱིམ།།

ཚིག་གི་གཏང་རག་བྲི་འདོད་ཀྱིས།།

རྟོག་པའི་རླབས་ཀྱི་རྩེ་མོ་གཡོ།།

མཁུར་ཚོས་འོལ་མོ་སེ་སྨིན་མདོག།

གཡས་གཡོན་ཉི་ཟླའི་རྣ་ཆ་མཛེས།།

དུང་གི་སོ་ཕྲེང་དགོད་པའི་ཚེ།།

གངས་ལ་ཉི་མ་ཤར་བ་འདྲ།།

མིག་ཟུང་པདྨ་རང་བྱོན་ལས།།

ཞིམ་ངད་ལྡང་བའི་སྨིན་ལེགས་མ།།

ཟུར་མིག་གནམ་གྱི་སྐར་ཆེན་གྱིས།།

རྫུ་མའི་ནགས་ཚལ་སྟུག་པོ་ཁུར།།

ཤ་རྩ་དཀར་ལ་དམར་བའི་བཞིན།།

སྒྱུ་མའི་ཚོན་གྱིས་མ་བསྒྱུར་ཞིང་།།

ཀུན་ནས་ཀུན་ཏུ་སྒྲོས་པའི་ཞལ།།

རི་མོ་མཁན་གྱིས་བྲིས་མ་ལགས།།

བསེར་བུ་རླུང་གིས་བསྐྱོད་པ་ཡི།།

སྐྲ་གནག་རྒྱ་ལྕང་ཡངས་བའི་ཚལ།།

མུ་ཏིག་གཡུ་བྱུར་ཁྲ་ཚོམ་གྱིས།།

སྤུད་པའི་ཚུལ་འདི་འབྲོག་མོའི་གཤིས།།

པདྨའི་འདབ་ཀྱི་ལྗགས་ཡངས་ལས།།

དབྱངས་གསལ་ང་རོའི་སྒྲ་གྲགས་ཤིང་།།

དཀར་འཇམ་ལག་པའི་སོར་མོའི་བར།།

ཙན་དན་ཕྲེང་བའི་ཞགས་ཀྱང་ངོ་།།

ལྷན་སྐྱེས་བརྩེ་བའི་སེམས་པ་ལ།།

བྱམས་དང་སྙིང་རྗེ་ཡོད་ཚུལ་དང་།།

མ་བཅོས་གཤིས་ཀྱི་ཕྱི་ནང་དུ།།

ཁྲེལ་དང་ཕྱི་ཐག་ལྡན་པ་མཐོང་།།

༼ འོད་འཛིན་མ། ༽